ལེའུ་བཅུ་དྲུག་པ།
ཁོ་རྣམས་ཀྱིས་དཀོན་མཆོག་གི་ཞལ་ཆད་ཀྱི་ཤུར་སྒམ་ནང་ལ་གདན་དྲངས་ཏེ། དཱ་བིད་ཀྱིས་དེའི་དོན་དུ་ཕུབ་པའི་མཇལ་འཕྲད་གུར་མཆོག་གི་དབུས་སུ་བཞག་ནས། དཀོན་མཆོག་གི་སྤྱན་སྔར་སྦྱིན་སྲེག་དང་ཞི་བདེའི་མཆོད་པ་ཕུལ་ཏོ། ། དཱ་བིད་ཀྱིས་སྦྱིན་སྲེག་དང་ཞི་བདེའི་མཆོད་པ་རྣམས་ཕུལ་རྗེས། ཁོང་གིས་དཀོན་མཆོག་ཡ་ཝཱེའི་མཚན་ལ་བརྟེན་ནས་མི་རྣམས་ལ་བྱིན་རླབས་གནང་ཞིང་། ཡང་ཡེས་ར་ཨེལ་གྱི་སྐྱེས་ཕོ་མོ་ཐམས་ཅད་ལ་བག་ལེབ་རེ་དང་། རྒྱ་རི་རེ་དང་། རྒུན་འབྲུམ་སྐམ་པོ་ལེབ་མོ་རེ་སྤྲད་དོ། ། དཱ་བིད་ཀྱིས་ལེ་ཝི་པ་འགའ་ཞིག་དཀོན་མཆོག་ཡ་ཝཱེའི་ཞལ་ཆད་ཀྱི་ཤུར་སྒམ་དྲུང་དུ་ཞབས་ཏོག་བསྒྲུབ་པ་དང་། ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེ་ལ་བསྟོད་དབྱངས་ལེན་པ་དང་གཏང་རག་འབུལ་བ། བསྟོད་བསྔགས་བརྗོད་པ་བཅས་སུ་མངགས་སོ། ། དེའི་འགོ་ཁྲིད་མཁན་ནི་ཨ་སབ་དང་། དེ་ནས་ཟཱ་ཀར་ཡ་དང་། ཡེ་ཨི་ཨེལ། ཤེ་མི་ར་མོད། ཡེ་ཧི་ཨེལ། མད་ཐིད་ཡཱ། ཨེ་ལི་ཨབ། པེ་ནཱ་ཡ། ཨོ་བེད་ཨེ་དོམ། ཡེ་ཨི་ཨེལ་བཅས་ཡོད་ལ། ཁོ་རྣམས་ཀྱིས་རྒྱུད་མངས་དང་པི་ཝང་བརྡུང་བ་དང་། ཨ་སབ་ཀྱིས་སྦུག་ཆལ་སྒྲ་ཆེན་པོར་བརྡུང་དགོས་ལ། མཆོད་དཔོན་པེ་ནཱ་ཡ་དང་ཡ་ཧ་ཟི་ཨེལ་གཉིས་ཀྱིས་རྒྱུན་དུ་དཀོན་མཆོག་གི་ཞལ་ཆད་ཀྱི་ཤུར་སྒམ་དྲུང་དུ་དུང་འབུད་དགོས་པའོ། །
དཱ་བིད་ཀྱི་མགུར་མ།
ཉིན་དེར་དཱ་བིད་ཀྱིས་ཨ་སབ་དང་དེའི་གཉེན་ཉེ་རྣམས་དཀོན་མཆོག་ཡ་ཝཱེ་ལ་གསུང་མགུར་གྱིས་གཏང་རག་འབུལ་བར་ཐོག་མར་གཏན་ལ་ཕབ་ཅིང་འདི་ལྟར།
ཁྱོད་ཚོས་ཡ་ཝཱེའི་མཚན་ནི་བརྗོད་ཅིང་གཏང་རག་ཕུལ། ། མི་རྣམས་ཀུན་གྱི་ཁྲོད་དུ་ཁོང་གི་འཕྲིན་ལས་བརྗོད། ། ཁོང་ལ་མགུར་གླུ་ལེན་བཞིན་བསྟོད་བསྔགས་ཕུལ། ། ཁོང་གི་ངོ་མཚར་མཛད་པ་ཐམས་ཅད་བརྗོད། ། 10 ཁོང་གི་དམ་པའི་མཚན་ལ་བསྟོད་བསྔགས་བརྗོད། ། ཡ་ཝཱེ་འཚོལ་མཁན་སེམས་ནང་དགའ་བར་ཤོག ། 11 ཡ་ཝཱེ་ཁོང་དང་ཁོང་གི་མཐུ་སྟོབས་དང་། ། ཁོང་གི་ཞལ་རས་རྒྱུན་དུ་བཙལ་བར་གྱིས། ། 12-13 ཁོང་གི་ཞབས་ཕྱི་ཡེས་ར་ཨེལ་གྱི་རྒྱུད། ། ཁོང་གིས་བདམས་པའི་ཡ་ཀོབ་བུ་རྒྱུད་ཀྱེ། ། ཁྱོད་ཚོས་ཁོང་གི་ངོ་མཚར་ཅན་གྱི་མཛད་པ་དང་། ། ཁོང་གི་གྲུབ་རྟགས་དང་ནི་ཁྲིམས་གཅོད་གསུང་རྣམས་དྲོན། ། 14 ཁོང་ནི་ང་ཚོའི་དཀོན་མཆོག་ཡ་ཝཱེ་ཡིན། ། ས་གཞི་ཡོངས་སུ་ཁོང་གི་ཁྲིམས་གཅོད་ཡོད། ། 15 ཁོང་གི་ཞལ་ཆད་གཏན་དུ་ཐུགས་སུ་འཇགས། ། ཁོང་གི་བཀའ་རྣམས་མི་རབས་སྟོང་ལ་གནས། ། 16 ཁོང་གིས་ཨབ་ར་ཧམ་ལ་མཛད་པའི་ཞལ་ཆད་དང་། ། ཁོང་གིས་ཨི་སཱག་ལ་ནི་བཞེས་པའི་དབུ་མནའ་ནི། ། 17 ཁོང་གིས་ཡ་ཀོབ་ལ་ནི་སྒྲིག་ཁྲིམས་བཙུགས། ། ཡེས་ར་ཨེལ་ལ་གཏན་གྱི་ཞལ་ཆད་མཛད། ། 18 བདག་གིས་ཀ་ན་ཨན་གྱི་ཡུལ་དེ་ནི། ། ཁྱོད་ལ་གནང་ཞིང་ཁྱོད་ཀྱི་ས་སྐལ་ཡིན། ། 19 སྐབས་དེར་ཁྱོད་རྣམས་མི་གྲངས་ཉུང་བ་དང་། ། ཡུལ་དེར་བྱེས་སུ་སྡོད་པ་ཡིན་ཞེས་གསུངས། ། 20 དེ་རྣམས་མི་རིགས་གཅིག་ནས་གཅིག་བརྒྱུད་ཅིང་། ། རྒྱལ་ཁམས་གཅིག་ནས་གཅིག་ལ་ཉུལ་ནས་བསྡད། ། 21 དེ་ཚོར་གཉའ་གནོན་སུ་ལའང་བྱེད་མ་གནང་། ། ཁོ་ཚོའི་ཆེད་དུ་རྒྱལ་པོར་བཀའ་བཀྱོན་མཛད། ། 22 ཁོ་བོས་བྱུགས་པ་རྣམས་ལ་མི་རེག༌ཅིང༌། །ལུང་སྟོན་རྣམས་ལ་གནོད་པ་མ་བསྐྱལ་གསུངས། ། 23 ཡུལ་ཕྱོགས་ཀུན་གྱིས་ཡ་ཝཱེར་བསྟོད་དབྱངས་ཕུལ། ། ཁོང་གི་ཐར་པ་ཉིན་རེ་བཞིན་སྒྲོགས་ཤིག ། 24 མི་རིགས་ཡོངས་ལ་ཁོང་གི་གཟི་བརྗིད་བསྒྲག་པར༌གྱིས། ། མི་རྣམས་ཡོངས་ལ་ཁོང་གི་ངོ་མཚར་འཕྲིན་ལས༌སྒྲོགས། ། 25 གང་ལ་ཞེ་ན་ཡ་ཝཱེ་ཁྱད་དུ་འཕགས། ། བསྟོད་བསྔགས་རབ་ཏུ་ཆེན་པོ་འོས་སོ་ལོ། ། ཁོང་ནི་ལྷ་ཚོགས་ཀུན་ལས་རིང་དུ་བརྒལ། ། ཁོང་ལ་གུས་ཤིང་འཇིགས་པ་འོས་སོ་ལོ། ། 26 མི་མང་ཀུན་གྱི་ལྷ་སྐུ་སྟོང་བ་ཡིན། ། ཡ་ཝཱེ་ཁོ་ནས་ནམ་མཁའི་དབྱིངས་རྣམས་མཛད། ། 27 ཁོང་གི་སྤྱན་སྔར་གཟི་དཔལ་བརྗིད་ཉམས་མངའ། ། ཁོང་གི་བཞུགས་སར་མཐུ་དང་དགའ་སྤྲོ་ལྡན། ། 28 ཀྱེ་ཀྱེ་རིགས་རྒྱུད་རྣམས་ཀྱི་ཁྱིམ་རྒྱུད་དག ། གཟི་བརྗིད་ནུས་མཐུ་ཡ་ཝཱེར་ཕུལ་ཞིག་དང་། ། 29 ཡ་ཝཱེའི་མཚན་གྱི་གཟི་བརྗིད་ཁོང་ལ་རྗོད། ། མཆོད་པ་འཁུར་ལ་ཁོང་གི་སྤྱན་སྔར་ཤོག ། དམ་པའི་ཟིལ་གྱིས་ཡ་ཝཱེར་ཕྱག་འཚལ་གྱིས། ། 30 ས་གཞི་ཡོངས་ནི་ཁོང་གི་དྲུང་དུ་གཡོ་བར་བྱོས། ། ས་གཞི་མི་གཡོ་ཕྱིར་དུ་ཁོང་གིས་བརྟན་པོར་མཛད། ། 31 ནམ་མཁའ་དགའ་ཞིང་ས་གཞི་མགུ་བར་ཤོག ། མི་མང་རྣམས་ཀྱིས་མི་རིགས་དག་གི་ཁྲོད། ། ཡ་ཝཱེ་རྒྱལ་པོར་བཞུགས་ཞེས་སྨྲ་གྱུར་ཅིག ། 32 རྒྱ་མཚོ་དང་ནི་དེའི་ནང་ཅི་ཡོད་པ། ། ང་རོའི་སྐད་སྒྲ་སིང་སིང་བསྒྲག་ཅིག༌གུ ། ས་ཞིང་དང་ནི་དེའི་ཁར་ཅི་ཡོད་པ། ། ཐམས་ཅད་དགའ་ཞིང་སྤྲོ་བར་གྱིས་ཤིག་ཨང་། ། 33 ཡ་ཝཱེ་ས་གཞིར་ཁྲིམས་ཐག་གཅོད་པར་འབྱོན། ། དེའི་ཕྱིར་ནགས་ཀྱི་སྡོང་པོ་རྣམས་ཀྱིས་ནི། ། ཡ་ཝཱེའི་དྲུང་དུ་མགུར་གླུ་ལེན་པར་འགྱུར། ། 34 ཡ་ཝཱེ་ལེགས་པས་ཁོང་ལ་གཏང་རག༌ཕུལ། ། ཁོང་གི་བྱམས་བརྩེ་རྒྱུན་ནས་རྒྱུན་དུ༌གནས། ། 35 ཁྱོད་ཚོས་འདི་ལྟར་ཞུ་བར་གྱིས་ཤིག་ཨང་། ། ཀྱེ་ཀྱེ་ངེད་རྣམས་སྐྱོབ་པའི་དཀོན་མཆོག་ལགས། ། ཁྱེད་ཀྱིས་ངེད་རྣམས་བསྐྱབས་ནས་བསྡུ་བར་མཛོད། ། མི་རིགས་ཀུན་ནས་ངེད་རྣམས་སྐྱོབ་པར་མཛོད། ། དེ་ནས་ང་ཚོས་ཁྱེད་མཚན་དམ་པ་ལ། ། བཀའ་དྲིན་ཞུ་ཞིང་བསྟོད་པ་དཔལ་དུ་བརྩི། ། 36 ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེ་ནི། ། རྒྱུན་ནས་རྒྱུན་དུ་བསྟོད་པར་འོས་སོ་ལོ། ། ཞེས་གསུངས་པ་དང་། མི་ཐམས་ཅད་ཀྱིས་ཨ་མེན་ཞེས་སྨྲས་ཤིང་དཀོན་མཆོག་ཡ་ཝཱེ་ལ་བསྟོད་བསྔགས་ཕུལ་ཏོ། །
37 དེ་ནས་དཱ་བིད་ཀྱིས་དཀོན་མཆོག་ཡ་ཝཱེའི་ཞལ་ཆད་ཀྱི་ཤུར་སྒམ་དྲུང་དུ་ཨ་སབ་དང་དེའི་གཉེན་ཉེ་རྣམས་བཞག་ཅིང་། ཉིན་རེ་བཞིན་རྒྱུན་ཆད་མེད་པར་སྒྲུབ་དགོས་པའི་ཞབས་ཏོག་བསྒྲུབས། 38 ཡང་ཨོ་བེད་ཨེ་དོམ་དང་དེའི་གཉེན་ཉེ་དྲུག་ཅུ་རེ་བརྒྱད་དང་། ཡེ་དུ་ཐུན་གྱི་བུ་ཨོ་བེད་ཨེ་དོམ་དང་ཧོ་སཱ་བཅས་ནི་སྒོ་སྲུང་དུ་བཞག 39 ཡང་མཆོད་དཔོན་ཟཱ་ཏོག་དང་དེའི་གཉེན་ཉེ་མཆོད་དཔོན་ཡིན་པ་རྣམས་གིབ་ཡོན་གྱི་མཐོ་གླིང་དུ་དཀོན་མཆོག་ཡ་ཝཱེའི་གུར་མཆོག་དྲུང་དུ་བཞག་ཅིང་། 40 ཉིན་རེར་ནངས་དགོང་གཉིས་ལ་སྦྱིན་སྲེག་གི་མཆོད་ཁྲི་སྟེང་དུ། རྒྱུན་ཆད་མེད་པར་དཀོན་མཆོག་ཡ་ཝཱེ་ལ་སྦྱིན་སྲེག་ཕུལ་བ་དང་། དེ་ཐམས་ཅད་ནི་དཀོན་མཆོག་ཡ་ཝཱེས་ཡེས་ར་ཨེལ་པ་རྣམས་ལ་བསྒོས་པའི་བཀའ་ཁྲིམས་ཀྱི་མདོ་ཡི་ནང་དུ་བཀོད་པ་བཞིན་ཡིན་ནོ། ། 41 དེ་དག་དང་མཉམ་དུ་ཧེ་མཱན་དང་། ཡེ་དུ་ཐུན་དང་། གཞན་བདམས་ནས་མིང་ཐོན་པ་བཅས་ཐམས་ཅད་དཀོན་མཆོག་ཡ་ཝཱེ་ལ་བཀའ་དྲིན་ཞུ་བར་བཞག་པ་སྟེ། ཁོང་གི་བྱམས་བརྩེ་རྒྱུན་ནས་རྒྱུན་དུ༌གནས་པས་སོ། ། 42 ཧེ་མཱན་དང་ཡེ་དུ་ཐུན་གཉིས་ཀྱིས་དེ་དག་དང་མཉམ་དུ་དུང་འབུད་པ་དང་སྦུག་ཆལ་བརྡུང་བ་དང་། རོལ་ཆས་སྣ་ཚོགས་ཀྱིས་དཀོན་མཆོག་ལ་སྐད་ཆེན་པོས་བསྟོད་དབྱངས་འབུལ་དགོས་ལ། ཡེ་དུ་ཐུན་གྱི་བུ་རབས་ཚ་རྒྱུད་རྣམས་སྒོ་སྲུང་དུ་བཞག་གོ ། 43 དེ་ནས་མི་ཐམས་ཅད་རང་རང་གི་ཁྱིམ་དུ་ལོག་པ་དང་། དཱ་བིད་ཀྱང་རང་གི་ཁྱིམ་མི་རྣམས་ལ་བྱིན་གྱིས་རླབས་པར་ཕེབས་སོ། །