ལེའུ་གསུམ་པ།
མཆོད་ཁང་བཞེང་འགོ་བརྩམས་པ།
1 དེ་ནས་སོ་ལོ་མོན་གྱིས་ཡེ་རུ་སཱ་ལེམ་དུ། ཁོང་གི་ཡབ་དཱ་བིད་ལ་དཀོན་མཆོག་ཡ་ཝཱེ་སྣང་བར་གྱུར་པའི་མོ་རེའེ་ཡཱ་རི་བོའི་རི་མགོ་སྟེ། དཱ་བིད་ཀྱིས་ཡེ་བུ་སི་པ་ཨོར་ནན་གྱི་གཡུལ་ཁ་རུ་བཤམས་པའི་གནས་སུ་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་བཞེང་འགོ་བརྩམས། 2 སོ་ལོ་མོན་གྱིས་རྒྱལ་སྲིད་བསྐྱངས་པའི་ལོ་བཞི་པའི་ཟླ་བ་གཉིས་པའི་ཚེས་གཉིས་པར་མཆོད་ཁང་བཞེང་འགོ་བརྩམས་ཏེ། 3 སོ་ལོ་མོན་གྱིས་དཀོན་མཆོག་གི་མཆོད་ཁང་གི་རྨང་བཏིངས་པ་ནི་འདི་ལྟ་སྟེ། གནའ་བོའི་འཇལ་ཚད་བཞིན་དུ་རིང་ཚད་ལ་ཁྲུ་དྲུག་ཅུ་དང་ཞེང་ལ་ཁྲུ་ཉི་ཤུ། 4 མཆོད་ཁང་མདུན་གྱི་བར་ཁྱམས་ཀྱི་རིང་ཚད་ནི་མཆོད་ཁང་གི་ཞེང་ལྟར་ཁྲུ་ཉི་ཤུ་དང་། མཐོ་ཚད་ལ་ཁྲུ་བརྒྱ་དང་ཉི་ཤུ་བཅས་ཡིན་ལ། ནང་གི་རྩིག་ངོས་གསེར་བཙོ་མས་གཡོགས་ཏེ། 5 ཚོམས་ཆེན་གྱི་རྩིག་ངོས་ཡོངས་ལ་གསོམ་ཤིང་གི་ཤིང་ལེབ་བཀབ་སྟེ་གསེར་བཙོ་མས་གཡོགས་ནས། དེའི་སྟེང་དུ་ཤིང་ཏ་ལ་དང་ཉག་ཐག་བརྐོས་ཡོད། 6 ཡང་མཆོད་ཁང་གི་རྩིག་ངོས་ལ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་ཏེ་ཤིན་ཏུ་མཛེས་ལ། གསེར་དེ་དག་ནི་པར་ཝ་ཡིམ་གྱི་གསེར་ཡིན། 7 ཚོམས་ཆེན་དང་མཆོད་ཁང་གི་ཀ་བ་དང་སྒོ་ཐེམ། རྩིག་པ། སྒོ་གླེགས་བཅས་ཡོད་ཚད་གསེར་གྱིས་བཏུམས་པར་མ་ཟད། རྩིག་ངོས་སུ་ཀེ་རུབ་ཀྱང་བརྐོས་ཡོད། 8 ཡང་ཁོང་གིས་གནས་དམ་མཆོག་བཞེངས་ཏེ། དེའི་རིང་ཚད་ནི་མཆོད་ཁང་གི་ཞེང་ལྟར་ཁྲུ་ཉི་ཤུ་དང་། ཞེང་ལ་ཡང་ཁྲུ་ཉི་ཤུ་ཡིན། ཡང་ནང་གི་རྩིག་ངོས་ནི་གསེར་བཙོ་མ་རྡོ་ཚད་དྲུག་བརྒྱ་ཡིས་གཡོགས། 9 གསེར་གྱི་འཛེར་མའི་ལྗིད་ཚད་ནི་སྲང་ལྔ་བཅུ་སྟེ། ཐོག་ཁང་རྣམས་ཀྱང་གསེར་གྱིས་གཡོགས། 10 གནས་དམ་མཆོག་གི་ནང་དུ་ཀེ་རུབ་གཉིས་བརྐོས་ཏེ་གསེར་གྱིས་བཏུམས། 11 ཀེ་རུབ་གཉིས་པོའི་གཤོག་པའི་རིང་ཚད་ལ་བསྡོམས་པས་ཁྲུ་ཉི་ཤུ་སྟེ། ཀེ་རུབ་གཅིག་གི་གཤོག་པ་ཡ་གཅིག་གི་རིང་ཚད་ལ་ཁྲུ་ལྔ་ཡོད་པ་དང་མཆོད་ཁང་གི་རྩིག་པར་ཐུག་ཅིང་། གཤོག་པ་ཅིག་ཤོས་དེའི་རིང་ཚད་ལའང་ཁྲུ་ལྔ་ཡོད་པ་དང་ཀེ་རུབ་གཞན་དེའི་གཤོག་པར་ཐུག་ཡོད། 12 ཀེ་རུབ་གཞན་དེའི་གཤོག་པ་ཡ་གཅིག་གི་རིང་ཚད་ལའང་ཁྲུ་ལྔ་ཡོད་པ་དང་མཆོད་ཁང་གི་རྩིག་པར་ཐུག་ཅིང་། གཤོག་པ་ཅིག་ཤོས་དེའི་རིང་ཚད་ལ་ཁྲུ་ལྔ་ཡོད་པ་དང་ཀེ་རུབ་སྔོན་མའི་གཤོག་པར་ཐུག་ཡོད། 13 ཀེ་རུབ་དེ་གཉིས་ཀྱི་གཤོག་པ་གཉིས་ཀ་བརྐྱངས་ན་རིང་ཚད་ལ་བསྡོམས་པས་ཁྲུ་ཉི་ཤུ་ཡོད་ཅིང་། ཀེ་རུབ་དེ་གཉིས་ཀ་མཆོད་ཁང་གི་ནང་ལ་འཁོར་ནས་བཞེངས་འདུག་པའོ། ། 14 ཡང་སོ་ལོ་མོན་གྱིས་ཁ་དོག་མཐིང་ག་དང་། རྒྱ་སྨུག མཚལ་ཁ་བཅས་ཀྱི་སྐུད་པ་དང་། སོ་རས་སྲབ་བུ་བཅས་ཀྱིས་ཡོལ་བ་ཞིག་བཟོས་ནས་དེའི་སྟེང་ལ་ཀེ་རུབ་ཀྱི་གཟུགས་བརྙན་གཙགས་འདུག
15 ཡང་མཆོད་ཁང་གི་མདུན་དུ་ཀ་བ་གཉིས་བཞེངས་ཏེ། མཐོ་ཚད་ལ་ཁྲུ་སོ་ལྔ་ཡོད་པ་དང་། ཀ་བ་རེ་རེའི་སྟེང་གི་ཀ་གཞུའི་མཐོ་ཚད་ལ་ཁྲུ་ལྔ་ཡོད་དོ། ། 16 ཡང་མགུལ་རྒྱན་དང་མཚུངས་པའི་ཉག་ཐག་བཟོས་ཏེ་ཀ་བའི་མགོ་ལ་བཏགས་པ་དང་། སེ་འབྲུ་བརྒྱ་བཟོས་ཏེ་ཉག་ཐག་སྟེང་དུ་བཞག 17 ཁོང་གིས་ཀ་བ་དེ་གཉིས་མཆོད་ཁང་གི་མདུན་དུ་གཅིག་ནི་གཡས་ཕྱོགས་དང་ཅིག་ཤོས་ནི་གཡོན་ཕྱོགས་སུ་བསླངས་ཏེ། གཡས་ཕྱོགས་སུ་ཡོད་པའི་མིང་ལ་ཡཱ་ཀིན་ * འདིར་ཡཱ་ཀིན་ཞེས་པ་ནི་ཁོང་གིས་བརྟན་པོར་འཛུགས་པ་ཡིན་ཞེས་པའི་དོན་དང་། པཱོ་ཨ་ཟི་ཞེས་པ་ནི་ཁོང་གི་སྟོབས་ཤུགས་ཞེས་པའི་དོན་ལ་འཇུག དང་གཡོན་ཕྱོགས་སུ་ཡོད་པའི་མིང་ལ་པཱོ་ཨ་ཟི་ཞེས་བཏགས་སོ། །
*ལེའུ་གསུམ་པ།:17 འདིར་ཡཱ་ཀིན་ཞེས་པ་ནི་ཁོང་གིས་བརྟན་པོར་འཛུགས་པ་ཡིན་ཞེས་པའི་དོན་དང་། པཱོ་ཨ་ཟི་ཞེས་པ་ནི་ཁོང་གི་སྟོབས་ཤུགས་ཞེས་པའི་དོན་ལ་འཇུག