༄༅། །སྐུ་ཚབ་པ་རྣམས་ཀྱི་མཛད་འཕྲིན།
སྐུ་ཚབ་པ་རྣམས་ཀྱི་མཛད་འཕྲིན་གྱི་ངོ་སྤྲོད་མདོར་བསྡུས།
ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས།
སྐུ་ཚབ་པ་རྣམས་ཀྱི་མཛད་འཕྲིན་ཞེས་པའི་གཞུང་འདིའི་ནང་དུ་ཡེ་ཤུའི་ཆོས་ལུགས་དར་སྤེལ་དུ་བཏང་བའི་ལོ་རྒྱུས་གསུངས་ཡོད་པ་དང་། འདིའི་ནང་དུ་སྐྱབས་མགོན་ཡེ་ཤུ་སྐུ་གྲོངས་པ་ནས་སླར་གསོན་རྗེས་ཀྱི་ལོ་ངོ་སུམ་ཅུའི་རིང་གི་ལོ་རྒྱུས་གསུངས་ཡོད། མཛད་འཕྲིན་ནི་འཕྲིན་བཟང་རྣམས་དང་འཕྲིན་ཡིག་དག་གི་སྦྲེལ་ཐག་ལྟ་བུ་ཡིན་ལ། མཛད་འཕྲིན་གྱི་གཞུང་འདི་ལ་དམ་པའི་ཐུགས་ཉིད་ཀྱི་མཛད་འཕྲིན་ཞེས་བརྗོད་ཀྱང་ཆོག་སྟེ། ཅི་ལ་ཞེ་ན། མཛད་འཕྲིན་ལས་དམ་པའི་ཐུགས་ཉིད་ཕེབས་པ་དང་དམ་པའི་ཐུགས་ཉིད་ཀྱི་མཛད་འཕྲིན་སྐོར་ཁྲིད་སྟོན་བྱས་ཡོད་པ་ཡིན།
ཡི་གེར་འགོད་མཁན་དང་འགོད་དུས།
མཛད་འཕྲིན་དུ་ཡི་གེར་འགོད་མཁན་གྱིས་རང་ཉིད་སུ་ཡིན་ཁ་གསལ་མེད་ནའང་། དམ་པའི་གསུང་རབ་ཀྱི་ཕྱི་མོའི་མ་ཡིག་ཏུ་ཡོད་པའི་བདེན་དཔང་དང་མཛད་འཕྲིན་གྱི་ནང་དུ་ཡོད་པའི་བདེན་དཔང་གཉིས་ལ་བལྟས་ན། གཞུང་འདི་ཉིད་ཡི་གེར་འགོད་མཁན་ལོ་ཀུ་ཡིན་པ་གསལ་ཐག་ཆོད། མཛད་འཕྲིན་གྱི་གཞུང་འདི་བྱུང་བའི་ལོ་ཚིགས་ནི་ཧ་ལམ་སྤྱི་ལོ་63ལོ་ཡིན་པར་འདོད།
བརྗོད་སྙིང་དང་གསུང་འཕྲིན།
གཞུང་འདིའི་ལེའུ་དང་པོའི་ཚིག་རྐང་བརྒྱད་པ་ནི་ལོ་ཀུས་བརྗོད་བྱའི་སྙིང་པོ་མདོར་བསྡུས་སུ་བྱས་པ་ལེགས་ཤོས་ཡིན་ལ། ཁོང་གིས་བསམ་ཚུལ་མི་གཅིག་པ་མང་པོ་ནན་གྱིས་གསུངས་པ་དང་དེ་རྣམས་ཕྱོགས་གཅིག་ཏུ་སྤུངས་ནས་ཆོས་ཚོགས་ཀྱི་ཐོག་མའི་བྱུང་ཚུལ་དང་དར་སྤེལ་གྱི་སྐོར་བརྗོད་པ་ཡིན། གཞུང་འདི་ནི་དོན་དག་བཞི་ཡིས་གྲུབ་པ་སྟེ།
༼1༽ མི་སྣ་གལ་ཆེན་པེ་ཏྲོ་དང་ཕོལ་ལོལ་གཉིས་ཀྱི་སྐོར།
༼2༽ བརྗོད་གཞི་གལ་ཆེན་དང་དོན་དག་འགངས་ཆེན་རྣམས་ཀྱི་སྐོར་ཏེ། དམ་པའི་ཐུགས་ཉིད་ཀྱི་ལས་འགན་དང་། གཙོ་བོ་ཡེ་ཤུའི་སྐོར་ཐོས་མྱོང་མེད་པའི་ཡུལ་རྣམས་ལ་ཆོས་སྤེལ་བ། སེམས་བསྒྱུར་ནས་དད་པ་བྱས་པ། ཆོས་ཚོགས་འཕེལ་རྒྱས་སུ་ཕྱིན་པ། ཡེ་ཤུའི་ཆོས་ལུགས་ཀྱི་དད་ལྡན་མང་ཚོགས་བཅས་དང་།
༼3༽ དད་ལྡན་རྣམས་ལ་གནད་དོན་བྱུང་བ་སྟེ། ཡ་ཧུ་དཱ་པའི་དད་ལྡན་རྣམས་དང་ཕྱི་ཕྱོགས་པའི་དད་ལྡན་བར་གྱི་འགལ་བ། ཡ་ཧུ་དཱ་པ་ཁ་ཤས་ཀྱིས་ཆོས་ཚོགས་ལ་མནར་གཅོད་བཏང་བ། དད་ལྡན་རྣམས་ཡ་ཧུ་དཱ་པ་དང་རོ་མཱ་པའི་མདུན་དུ་བཀག་སྐྱིལ་བཙོན་འཇུག་བྱས་པ། དད་ལྡན་རྣམས་དང་ཕྱི་ཕྱོགས་པའི་བར་ལ་འགལ་ཟླ་བྱུང་བ། ཆོས་སྒྲུབ་པའི་སྐབས་སུ་དད་ལྡན་རྣམས་དཀའ་ངལ་དང་ཕྲད་པ།
༼4༽ ཡེ་ཤུའི་ཆོས་ལུགས་ཡེ་རུ་སཱ་ལེམ་ནས་རོ་མཱའི་བར་དུ་རྒྱ་བསྐྱེད་ཅིང་དར་སྤེལ་བཏང་བ་བཅས་སོ། །
འཆར་ཟིན།
1. པེ་ཏྲོ་དང་པཱ་ལེ་སི་ཐན་ཡུལ་དུ་ཐོག་མར་བྱུང་བའི་ཆོས་ཚོགས། ༼1:1-12:25༽
ཀ ཡ་ཧུ་དཱ་དང་ག་ལིལ། སཱ་མར་ཡ་བཅས་ཡུལ་ཀུན་ཏུ་ཆོས་ཚོགས་དར་སྤེལ་བཏང་བ། ༼1:1-9:31; 9:31ལ་གཟིགས་རོགས།༽
ཁ། ཕོའོ་ནེ་ཀེ་ཡུལ་དང་ཀིབ་རིས་གླིང་ཕྲན། ཨན་ཏི་ཡོག་ཡཱ་གྲོང་ཁྱེར་བཅས་སུ་ཆོས་ཚོགས་དར་སྤེལ་བཏང་བ། ༼9:32-12:25; 11:19ལ་གཟིགས་རོགས།༽
2. ཕོལ་ལོལ་དང་ཨན་ཏི་ཡོག་ཡཱ་ནས་རོ་མཱ་གྲོང་ཁྱེར་བར་དུ་དར་སྤེལ་བཏང་བའི་ཆོས་ཚོགས། ༼13:1-28:31༽
ཀ ཕུར་གེ་ཡཱ་དང་ག་ལད་ཡཱ་ཡུལ་བརྒྱུད་ནས་ཆོས་ཚོགས་དར་སྤེལ་བཏང་བ། ༼13:-1-15:35; 16:6ལ་གཟིགས་རོགས།༽
ཁ། མ་ཀེ་དོན་ཡཱ་ཡུལ་དུ་ཆོས་ཚོགས་དར་སྤེལ་བཏང་བ། ༼15:36-21:16; 16:9ལ་གཟིགས་རོགས།༽
ག རོ་མཱ་གྲོང་ཁྱེར་དུ་ཆོས་ཚོགས་དར་སྤེལ་བཏང་བ། ༼21:17-28:31; 28:14ལ་གཟིགས་རོགས།༽
ལེའུ་དང༌པོ།
གླེང་གཞི།
ཀྱེ། ཐེ་འོ་ཕེ་ལུ༌ལགས། ངས་ * ངས་ཞེས་པ་འདི་ནི་ལོ་ཀུ་སྟེ་སྐྱབས་མགོན་ཡེ་ཤུའི་རྗེས་འབྲང་པ་ཞིག་ཡིན༌ལ། ལོ་ཀུའི་འཕྲིན་བཟང(ལོ་ཀུའི་འཕྲིན་བཟང་ཞེས་བྱ་བ་ལའང་གཟིགས༌རོགས།)ཡིག་ཐོག་ཏུ་འགོད་མཁན་ཡང༌ཡིན།བཀོད་པའི་མདོ་སྔ་མ༌ལས། སྐྱབས་མགོན་ཡེ་ཤུས་ཐོག་མར་དོན་ཅི་མཛད་པ་དང་ཆོས་ཅི་གསུངས་པ་ཐམས་ཅད་ནས༌བཟུང༌། ཁོང་གིས་དམ་པའི་ཐུགས་ཉིད་ཀྱི་ངང་ནས་བདམས་པའི་སྐུ་ཚབ་པ༌རྣམས་ལ་བཀའ་གནང་བ༌དང༌། ཁོང་ཉིད་ནམ་མཁའི་ཞིང་ཁམས་སུ་དྲངས་པའི་ཉིན་མོའི་བར་གྱི་ལོ་རྒྱུས་ཡི་གེར་བཀོད་ཡོད༌ཅིང༌། ཁོང་གིས་སྡུག་བསྔལ་མྱངས་རྗེས་རྟགས་མང་པོར་བརྟེན་ནས་རང་ཉིད་གསོན་པོར་སྐུ་ཚབ་པ་རྣམས་ལ་བསྟན༌ཏེ། ཉིན་བཞི་བཅུའི་རིང་ལ་མངོན་པར་མཛད་ཅིང་དཀོན་མཆོག་གི་རྒྱལ་སྲིད་སྐོར་གྱི་དོན་ཡང་གསུངས་སོ།། དེ་ཡང་ཁོང་ཉིད་སྐུ་ཚབ་པ་རྣམས་དང་མཉམ་དུ་བཞུགས་པའི་དུས་ཤིག༌ལ། ཁོང་གིས་བཀའ་གནང་སྟེ་འདི་སྐད༌དུ། ཁྱོད་རྣམས་ཡེ་རུ་སཱ་ལེམ་དང་ཁ་མི་འབྲལ་བར་ཡབ་ཀྱིས་ཞལ་བཞེས་གནང་ཡོད་པ་སྟེ། ངས་སྔ་མོ་ནས་ཁྱོད་ཅག་ལ་སྨྲས་མྱོང་བའི་དོན་དེར་སྒུགས་ཤིག ཡོ་ཧ་ནན་གྱིས་ཆུ་ཡིས་ཁྲུས་གསོལ་བྱས༌མོད། འོན་ཀྱང་ཉིན་མང་པོ་མ་འགོར་བར་ཁྱོད་རྣམས་ལ་དམ་པའི་ཐུགས་ཉིད་ཀྱིས་ཁྲུས་གསོལ་མཛད་པར་འགྱུར་ཞེས་གསུངས༌སོ།།
སྐྱབས་མགོན་ཡེ་ཤུ་ནམ་མཁའི་ཞིང་ཁམས་སུ་དྲངས༌པ།
དེ་ནས་སྐྱབས་མགོན་ཡེ་ཤུ་དང་སྐུ་ཚབ་པ་རྣམས་ལྷན་དུ་འཛོམས་པའི་དུས་ལ་སྐུ་ཚབ་པ་རྣམས་ན༌རེ། གཙོ་བོ༌ལགས། ཁྱེད་ཀྱིས་ཡེས་ར་ཨེལ་གྱི་རྒྱལ་སྲིད་བསྐྱར་དར་མཛད་པའི་དུས་ནི་ད་ལྟ་ཡིན་ནམ་ཞེས་ཞུས་པ༌ལ། ཁོང་གིས་འདི་སྐད༌དུ། ཡབ་ཀྱིས་རང་ཉིད་ཀྱི་དབང་ལ་བརྟེན་ནས་གཏན་དུ་ཁེལ་བའི་དུས་དང་ཟླ་ཚེས་ནི་ཁྱོད་རྣམས་ཀྱིས་ཤེས་མི་རུང༌ངོ་།། འོན་ཀྱང་ཁྱོད་རྣམས་ཀྱི་སྟེང་ལ་དམ་པའི་ཐུགས་ཉིད་ཁྱབ་པ་ན་དབང་ཐོབ༌སྟེ། ཡེ་རུ་སཱ་ལེམ༌དང༌། ཡ་ཧུ་དཱ་དང༌སཱ་མར་ཡ་ཡུལ་ཐམས་ཅད༌དང༌། ས་མཐའི་བར་དུའང་བདག་ལ་དཔང་པོ་བྱེད་པར་འགྱུར་ཞེས་གསུངས་སོ།། དེ་ནས་སྐྱབས་མགོན་ཡེ་ཤུས་དེ་སྐད་གསུངས་པ་དང་སྐུ་ཚབ་པ་རྣམས་ཀྱིས་ཁོང་ཉིད་ལ་ལྟ་བའི་དུས༌སུ། ཁོང་ཉིད་ནམ་མཁའི་ཞིང་ཁམས་སུ་དྲངས་པ༌དང༌། སྤྲིན་ཕུང་ཞིག་གིས་ཁོང་ཉིད་བསྒྲིབས་ཏེ་མི་མཐོང་བར་གྱུར་ཏོ།། 10 སྐྱབས་མགོན་ཡེ་ཤུ་ནམ་མཁའི་ཞིང་ཁམས་སུ་འཕག་བཞིན་པ༌དང༌། སྐུ་ཚབ་པ་རྣམས་ཀྱིས་མིག་ཅེ་རེར་ནམ་མཁར་ལྟ༌སྐབས། གློ་བུར་ཉིད་དུ་གོས་དཀར་པོ་གྱོན་པའི་མི་གཉིས་ སྐབས་འདིའི་གོས་དཀར་པོ་གྱོན་པའི་མི་གཉིས་ཞེས་པ་ནི་དཀོན་མཆོག་གིས་མངགས་པའི་ཕོ་ཉ་ཡིན།ཁོ་རྣམས་ཀྱི་གམ་དུ་བྱུང་སྟེ་འདི་སྐད༌དུ། 11 ཀྱེ། ག་ལིལ་པ༌རྣམས། ཅིའི་ཕྱིར་ཡར་ལངས་ནས་ནམ་མཁར་ལྟ་བ་ཡིན༌ནམ། ཁྱོད་ཅག་གི་མདུན་ནས་ནམ་མཁའི་ཞིང་ཁམས་སུ་དྲངས་པའི་ཡེ་ཤུ་ཁོང་ཉིད༌ནི། ཁྱོད་རྣམས་ཀྱིས་ཁོང་ཉིད་ཇི་ལྟར་ནམ་མཁའི་ཞིང་ཁམས་སུ་དྲངས་པ་མཐོང་བ་བཞིན་སླར་ཡང་དེ་ལྟར་འབྱོན་པར་འགྱུར་ཞེས་གསུངས༌སོ།།
མད་ཐི་ཡཱ་བྱ་བ་དད་ལོག་པ་ཡུ་དཱའི་ཚབ་ཏུ་བདམས༌པ།
12 དེ་ནས་སྐུ་ཚབ་པ་རྣམས་ཡེ་རུ་སཱ་ལེམ་དང་ཐག་ཉེ་སར་ཡོད་པ་སྟེ། ངལ་གསོ་བའི་ཉིན་མོ་གཅིག་གི་ལམ་ཐག་ཙམ་གྱི་སྐྱུ་རུ་རའི་རི་བོ་ཞེས་པ་ནས་ཕྱིར་ཡེ་རུ་སཱ་ལེམ་དུ་ལོག༌པ་རེད། 13 དེ་རྣམས་ཡེ་རུ་སཱ་ལེམ་དུ་སླེབས་པ་དང་རང་ཉིད་སྡོད་སའི་ཐོག་ཁང་གི་ནང་དུ་ཕྱིན༌ཅིང༌། གནས་དེར་བསྡད་ཡོད་པ་རྣམས༌ནི། པེ་ཏྲོ༌དང༌། ཡོ་ཧ༌ནན། ཡ༌ཀོབ། ཨན་དྲི༌ཡཱ། ཕི་ལིབ། ཐོ༌མཱ། པཱར་ཐོ་ལོ༌མཱ། མད༌ཐཱ། ཨལ་ཕཱའི་བུ་ཡ་ཀོབ༌དང༌། བརྩོན་འགྲུས་ཅན་སི༌མོན། ཡ་ཀོབ་ཀྱི་བུ་ཡུ་དཱ་བཅས་ཡིན། 14 དེ་རྣམས་བུད་མེད་འགའ་དང་སྐྱབས་མགོན་ཡེ་ཤུའི་ཡུམ་སྟེ་མིར་ཡམ་དང༌། ཡང་སྐྱབས་མགོན་ཡེ་ཤུའི་གཅུང་པོ་རྣམས་དང་མཉམ་དུ་འགྲོགས༌ཤིང༌། ཀུན་གྱིས་ཉིན་རེ་བཞིན་བློ་སེམས་གཅིག་མཐུན་སྒོས་གསོལ་བ་འདེབས་བཞིན་བསྡད་དོ།།
15 དེའི་དུས༌སུ། སྤུན་ཟླ་བརྒྱ་དང་ཉི་ཤུ་ཙམ་ཚོགས་ཡོད༌ཅིང༌། པེ་ཏྲོ་དེ་རྣམས་ཀྱི་ཁྲོད་ནས་ཡར་ལངས་ཏེ་འདི་སྐད་དུ། 16 སྤུན་ཟླ༌རྣམས། སྔར་གསུང་རབ་ཀྱི་མདོ་ལས་དམ་པའི་ཐུགས་ཉིད་ཀྱིས་དཱ་བིད་ཀྱི་ངག་ལ་བརྟེན༌ནས། ཡུ་དཱའི་སྐོར་ལ་ལུང་བསྟན་པ་ནི་ངེས་པར་འགྲུབ་དགོས༌ཏེ། ཁོ་རང་སྐྱབས་མགོན་ཡེ་ཤུ་འཛིན་མཁན་རྣམས་ཀྱི་ལམ་ཁྲིད་པར་གྱུར། 17 སྤྱིར་ཁོ་རང་ནི་བདག་ཅག་གི་གྲས་སུ་གཏོགས་ཤིང་ལས་འགན་འདིར་ཞུགས་པའི་སྐལ་བའང་ཐོབ་པ་ཡིན་ཞེས་གསུངས་སོ།། 18 འོན༌ཀྱང༌། ཡུ་དཱས་ལས་ངན་པ་བྱས་པའི་རིན་དོད་ཀྱིས་ས་ཞིང་ཞིག་ཉོས་པ༌དང༌། ཕྱིས་སུ་གནས་དེར་ཁ་སར་བརྒྱབ་སྟེ་ཁོག་པ་བཀད་ཅིང་རྒྱུ་མའང་ཕྱིར་རླུགས་པ་རེད། 19 ཡེ་རུ་སཱ་ལེམ་དུ་གནས་པའི་མི་ཐམས་ཅད་ཀྱིས་དོན་དེ་ཤེས༌པས། དེ་རྣམས་ཀྱི་སྐད་རིགས་ལྟར་ས་ཞིང་དེའི་མིང་ལའང་ཧ་ཀེལ་ད་མཱ་ཞེས་བཏགས༌ཤིང༌། དོན་ནི་ཁྲག་གི་ས་ཞིང་ཞེས༌པ་ཡིན་ནོ།། 20 ཡང་པེ་ཏྲོས་འདི་སྐད་དུ། དེ་ནི་གསུང་མགུར་གྱི་མདོ་ལས་ཇི་སྐད༌དུ།
དེ་ཡི་སྡོད་གནས་སྟོངས་ཤིང་སྟོང་བར༌ཤོག །
གནས་དེར་སུ་ཡང་གནས་པར་མ་གྱུར༌ཅིག །
ཅེས༌དང༌། ཡང་ཇི་སྐད༌དུ།
མི་དེའི་གོ་ས་གཞན་ལ་འཐོབ་པར༌ཤོག །
ཅེས་བཀོད་པའི་ཕྱིར༌རོ།། 21-22 དེ་བས་གཙོ་བོ་ཡེ་ཤུ་དུས་ཀུན་ཏུ་བདག་ཅག་གི་ཁྲོད་ནས་འགྲོ་འོང་མཛད་པའི་སྐབས་ཏེ། ཡོ་ཧ་ནན་གྱིས་ཁྲུས་གསོལ་བྱས་པ་ནས༌བཟུང༌། གཙོ་བོ་ཡེ་ཤུ་བདག་ཅག་དང་ཁ་བྲལ་ནས་ནམ་མཁའི་ཞིང་ཁམས་སུ་དྲངས་པའི་བར་གྱི་དུས་དེར། རྟག་ཏུ་བདག་ཅག་དང་འགྲོགས་པ་རྣམས་ལས་གཅིག་འདེམས་དགོས་ཤིང་། དེ་ནི་བདག་ཅག་དང་མཉམ་དུ་སྐྱབས་མགོན་ཡེ་ཤུ་སླར་གསོན་པ་ལ་བདེན་དཔང་བྱེད་མཁན་དུ་འགྱུར་ཞེས་གསུངས་སོ།། 23 དེ་ནས་མི་ཚོགས་ཀྱིས་མིང་ལ་པཱར་ས་པཱའམ་ཡུས་ཐོ་ཞེས་འབོད་པའི་ཡོ་སེབ་དང་མད་ཐི་ཡཱ་གཉིས་བདམས་ཏེ་དཀོན་མཆོག་ལ། 24-25 ཀྱེ། གཙོ་བོ༌ལགས། ཁྱེད་ཀྱིས་མི་ཐམས་ཅད་ཀྱི་སེམས་མཁྱེན༌པས། རང་འགན་བསྐྱུར་ཏེ་རང་གནས་སུ་ཕྱིན་པའི་དད་ལོག་པ་ཡུ་དཱའི་ཚབ༌ཏུ། ཁྱེད་ཀྱིས་མི་འདི་གཉིས་ལས་སུ་ཞིག་ཁྱེད་ཀྱི་སྐུ་ཚབ་པའི་ལས་འགན་སྒྲུབ་མཁན་དུ་བདམས་པ་ངེད་ཅག་ལ་སྟོན་པར་མཛོད་ཅེས་གསོལ་བ་བཏབ་བོ།། 26 དེ་ནས་ཁོ་རྣམས་ཀྱིས་རྒྱན་བླངས་ནས་མད་ཐི་ཡཱ་ལ་བབས་པས་ཁོ་རང་ཡང་སྐུ་ཚབ་པ་བཅུ་གཅིག་པོའི་གྲས་སུ་བཞག༌གོ།

*ལེའུ་དང༌པོ།:1 ངས་ཞེས་པ་འདི་ནི་ལོ་ཀུ་སྟེ་སྐྱབས་མགོན་ཡེ་ཤུའི་རྗེས་འབྲང་པ་ཞིག་ཡིན༌ལ། ལོ་ཀུའི་འཕྲིན་བཟང(ལོ་ཀུའི་འཕྲིན་བཟང་ཞེས་བྱ་བ་ལའང་གཟིགས༌རོགས།)ཡིག་ཐོག་ཏུ་འགོད་མཁན་ཡང༌ཡིན།

ལེའུ་དང༌པོ།:10 སྐབས་འདིའི་གོས་དཀར་པོ་གྱོན་པའི་མི་གཉིས་ཞེས་པ་ནི་དཀོན་མཆོག་གིས་མངགས་པའི་ཕོ་ཉ་ཡིན།