ལེའུ་ཉེར་བདུན༌པ།
ཕོལ་ལོལ་ཁོང་ཉིད་རོ་མཱ་གྲོང་ཁྱེར་དུ་ཁྲིད༌པ།
1 དེ་ནས་ཕེ་ཏི་ཡིས་ངེད་རྣམས་གྲུ་གཟིངས་ལ་བསྡད་ནས་ཨི་ཏ་ལི་ཡུལ་དུ་འགྲོ་རུ་འཇུག་པར་ཐག་གིས་བཅད་པ༌ན། ཕོལ་ལོལ་དང་བཙོན་པ་གཞན་རྣམས་སེ་བཟིར་རྒྱལ་པོའི་དམག་དཔུང་གི་བརྒྱ་དཔོན་ཡུ་ལི་ཞེས་པ་ལ་སྤྲད་དོ།། 2 དེ་ཡང་ཨ་དྲ་མིད་ཅེས་པའི་གྲུ་ཁ་ནས་ཡོང་བའི་གྲུ་གཟིངས་ཤིག་ཨེ་ཞི་ཡཱ་ཡུལ་གྱི་མཚོ་འགྲམ་གྱི་གནས་རྣམས་བརྒྱུད་ནས་བསྐྱོད་པ༌ལ། ངེད་རྣམས་ཀྱང་གྲུ་དེར་བསྡད་ནས་འགྲོ་བར་བརྩམས་ཤིང་མ་ཀེ་དོན་ཡཱ་ཡུལ་གྱི་ཐེ་སཱ་ལོ་ནེ་ཀེ་གྲོང་ཁྱེར་གྱི་ཨ་རི་སྟར་ཀུའང་ངེད་ཅག་དང་མཉམ་དུ་ཕྱིན་ཏོ།། 3 དེའི་ཕྱི༌ཉིན། ཚི་ཏུན་དུ་སླེབས་པ་དང་ཡུ་ལི་བྱ་བས་ཕོལ་ལོལ་གུ་ཡངས་བཏང༌སྟེ། ཁོང་ཉིད་རང་གི་གྲོགས་པོའི་གམ་དུ་བདག་སྐྱོང་འཐོབ་པའི་ཕྱིར་འགྲོ་ཆོག་པར་བྱས་པ་ཡིན། 4 ཡང་དེ་ནས་གྲུ་གཟིངས་ལ་བསྡད་དེ་འགྲོ་བར་བརྩམས་པ༌ལ། ལྡོག་རླུང་དང་ཕྲད་པས་ཀིབ་རིས་ཀྱི་མཚོ་སྐྱིབས་བརྒྱུད་ནས་སོང༌ངོ་།། 5 དེ་ནས་ཀི་ལིག་ཡཱ་དང་ཕཱམ་ཕིལ་ཡ་ཡུལ་གཉིས་ཀྱི་མདུན་ཕྱོགས་ཀྱི་རྒྱ་མཚོ་བརྒལ་ནས་ལིག་ཡཱ་ཡུལ་གྱི་མུ་ར་བྱ་བར་སླེབས༌ཤིང༌། 6 གནས་དེ་ནས་བརྒྱ་དཔོན་གྱིས་ཨི་ཏ་ལི་ཡུལ་དུ་འགྲོ་བའི་ཨ་ལིག་སན་དྲི་ཡཱ་ཡི་གྲུ་གཟིངས་ཤིག་རྙེད་ཅིང་ངེད་རྣམས་ཀྱང་གྲུ་དེར་སྡོད་དུ་བཅུག་གོ། 7 དེ་ནས་ཉིན་མང་པོར་གྲུ་གཟིངས་དལ་གྱིས་བསྐྱོད་ཅིང་དཀའ་ཚེགས་ཀྱི་ངང་ནས་ཀེ་ནེ་ཏི་ཡི་མདུན་ཕྱོགས་སུ་སླེབས་པ༌དང༌། ཡང་མཚོ་རླུང་གི་བཀག་རྒྱ་ཐེབས་ཏེ་མདུན་དུ་འགྲོ་མ་ནུས༌པས། ཀཱ་རེ་ཏ་གླིང་ཕྲན་གྱི་མཚོ་སྐྱིབས་བརྒྱུད་ནས་སོང་བ༌དང་། སཱལ་མོ་ནེ་ཕར་ཕྱོགས་སུ་སྐྱོད་ཅིང་། 8 ངེད་རྣམས་ཀྱང་དཀའ་ཚེགས་ངང་མཚོ་འགྲམ་བརྒྱུད་ནས་སོང་བ༌དང༌། གྲོང་ཁྱེར་ལཱ་ས་ཡ་དང་ཉེ་བའི་བདེ་ཅན་ཞེས་པའི་གྲུ་ཁར་སླེབས་སོ།།
9 དེ་ལྟར་དུས་ཡུན་རིང་པོ་འགོར་བ་དང་སྨྱུང་གནས་དུས་ཆེན་གྱི་ཉིན་ཡང་སྔར་ནས་བརྒལ་བ༌དང༌། གྲུ་གཟིངས་བསྐྱོད་པ་ལའང་ཉེན་ཁ་ཡོད་པས་ཕོལ་ལོལ་གྱིས་མི་རྣམས་ལ་འདི་ལྟར་བསྐུལ་བ་སྟེ། 10 རྣམ་པ་ཚོ། ཐེངས་འདིར་གྲུ་གཟིངས་བསྐྱོད་པ་ལ་ཉེན་ཁ་ཆེ༌སྟེ། ཚོང་རྫས་དང་གྲུ་གཟིངས་ལ་གྱོང་གུད་དང་གཏོར་བཤིག་ཐེབས་ངེས༌ཤིང༌། ཐ་ན་བདག་ཅག་གི་ཚེ་སྲོག་ལའང་བར་ཆད་འབྱུང་ངེས་པར་བསམ་ཞེས་སྨྲས༌མོད། 11 འོན་ཀྱང་བརྒྱ་དཔོན་ནི་གྲུ་གཟིངས་གཏོང་མཁན་དང་གྲུ་བདག་ལ་ཡིད་ཆེས་པ་ལས་ཕོལ་ལོལ་གྱི་གསུང་ལ་ཡིད་མ་ཆེས། 12 གྲུ་ཁ་འདི་ནས་དགུན་བསྐྱལ་ན་མི་ལེགས་པས་གྲུ་གཟིངས་ནང་གི་མི་མང་ཤོས་ན༌རེ། ཅི་ལྕོགས་ཀྱིས་གནས་འདི་དང་ཁ་བྲལ་ནས་ཕེ་ནིག་ཅེས་པའི་གྲུ་ཁར་སོང་ན་ལེགས་ཞེས་གཏམ༌སྨྲས། ཕེ་ནིག་ཅེས་པ་ནི་ཀཱ་རེ་ཏ་ཡི་གྲུ་ཁ་ཞིག་སྟེ་སྣེ་མོ་གཅིག་ནི་ལྷོ་ནུབ་ཀྱི་མཚམས་དང་གཅིག་ནི་ནུབ་བྱང་གི་ཕྱོགས་སུ་འཁོར་ཡོད༌དོ།།
རླུང་ཆེན་ལ་ཕྲད་པའི༌ཚུལ།
13 དུས༌དེར། ལྷོ་རླུང་དལ་གྱིས་ལྡང་བ་དང་ཁོ་རྣམས་ཀྱིས་བསམ་དོན་གྲུབ་བོ་སྙམ༌སྟེ། གཏིང་རྡོ་བླངས་ནས་ཀཱ་རེ་ཏ་ཡི་ཉེ་སར་འགྲོ་བཞིན་ཡོད་དོ།། 14 དེ་ནས་ཅང་མ་འགོར་བར་གླིང་ཕྲན་གྱི་ངོས་ནས་ཨེའུ་ར་ཀི་ལོ་ཞེས་པའི་ཤར་བྱང་གི་དྲག་རླུང་གཡུགས་སོ།། 15 ཡང་གྲུ་གཟིངས་རླུང་ཆེན་དྲག་པོའི་དབང་དུ་སོང་བ༌དང༌། རླུང་གི་ཕྱོགས་སུ་གྲུ་ལ་ཁ་ལོ་བསྒྱུར་མ་ནུས་པས་རླུང་གིས་གང་སར་དེད་དོ།། 16 དེ་ནས་ཀོ་ཏཱ་ཞེས་པའི་གླིང་ཕྲན་ཆུང་ངུ་ཞིག་གི་མཚོ་སྐྱིབས་སུ་ཁུར་ཞིང་། གྲུ་གཟིངས་ཀྱི་རྗེས་སུ་དྲུད་པའི་གྲུ་ཆུང་ཡང་དཀའ་ཚེགས་ངང་འཛིན་ཐུབ་པ་བྱུང་། 17 གྲུ་ཆུང་བླངས་པའི་རྗེས་སུ་གྲུ་ཆེན་གྱི་ཞབས་ཐག་པས་བསྡམས་པ༌དང༌། ཡང་སིར་ཏི་ཞེས་པའི་མཚོ་ཞབས་ཀྱི་བྱེ་འདམ་དུ་གྲུ་གཟིངས་ཟུག་པར་དོགས་ནས་གཡོར་མོ་མར་ཕབ་སྟེ་གྲུ་གཟིངས་གང་སར་བསྐྱོད་དུ་བཅུག་གོ། 18 དེའི་ཕྱི༌ཉིན། རླུང་ཆེན་དྲག་པོས་གྲུ་གཟིངས་ཡོམ་ཡོམ་དུ་གཡུགས༌པས། མི་རྣམས་ཀྱིས་ཚོང་རྫས་མཚོ་ནང་དུ་འཕང་བར་བརྩམས་པ༌དང༌། 19 ཉིན་གསུམ་པར་ཡང་ཁོ་རྣམས་ཀྱིས་གྲུ་གཟིངས་སྟེང་གི་ཡོ་བྱད་རྣམས་ཀྱང་དངོས་སུ་མཚོ་ནང་དུ་འཕངས་སོ།། 20 དེ་ལྟར་ཉི་མ་དང་སྐར་མ་མ་མཐོང་བར་ཉིན་མང་པོ་འགོར་བ་དང་རླུང་འཚུབ་དྲག་པོས་ཀྱང་ངེད་རྣམས་སྡུག་ལ་སྦྱར་བས་སྲོག་ཐར་བའི་རེ་བ་ཡོངས་སུ་ཟད་དོ།།
21 དེ་ནས་མི་རྣམས་ཀྱིས་ཉིན་མང་པོར་བཟའ་བཏུང་ཡང་སྤྱད་མེད༌པས། ཕོལ་ལོལ་དེ་དག་གི་དཀྱིལ་ནས་ཡར་ལངས་ཏེ་འདི་སྐད༌དུ། རྣམ་པ་ཚོ། ཁྱོད་རྣམས་ཀྱིས་སྔར་ནས་བདག་གི་གཏམ་ལ་མཉན༌ཏེ། ཀཱ་རེ་ཏ་རུ་བསྡད་པ་ཡིན་ན་འདི་ལྟ་བུའི་གྱོང་གུད་དང་གཏོར་བཤིག་བྱུང་མེད་དོ།། 22 ངས་ད་ལྟའང་ཁྱོད་རྣམས་ཀྱི་སེམས་བདེ་བར་བསྐུལ༌ཏེ། གྲུ་གཟིངས་ཁོ་ན་མ་གཏོགས་ཁྱོད་རྣམས་ཀྱི་ཚེ་སྲོག་གཅིག་ཀྱང་འཆོར་བར་མི་འགྱུར། 23 ཅིའི་ཕྱིར་ཞེ་ན། བདག་ནི་དཀོན་མཆོག་ལ་གཏོགས་པ་དང་ངས་ཁོང་ལ་བསྙེན་བཀུར་བྱེད༌ཅིང༌། ཁོང་གི་ཕོ་ཉ་ཞིག་མདང་དགོང་བདག་གི་གམ་དུ་ཕེབས་ཏེ་འདི་སྐད༌དུ། 24 ཕོལ་ལོལ་ཁྱོད་རང་འཇིགས་མི་དགོས༌ཏེ། ཁྱོད་རང་ཅིས་ཀྱང་སེ་བཟིར་གྱི་མདུན་དུ་ལངས་དགོས་པ་ཡིན། ལྟོས༌དང༌། ཁྱོད་དང་མཉམ་དུ་གྲུ་གཟིངས་ནང་དུ་ཡོད་པའི་མི་ཐམས་ཅད་ཀྱང་དཀོན་མཆོག་གིས་སྐྱོབ་པར་མཛད་ཅེས་གསུངས་པའི་ཕྱིར༌རོ།། 25 དེའི༌ཕྱིར། ཁྱོད་རྣམས་ཀྱི་སེམས་བདེ་བར༌གྱིས། དཀོན་མཆོག་གིས་བདག་ལ་ཇི་ལྟར་གསུངས་པ་དེ་ལྟར་འགྲུབ་པར་མཛད་པ་ལ་ང་རང་ཡིད་ཆེས༌པ་ཡིན། 26 འོན༌ཀྱང༌། བདག་ཅག་གི་གྲུ་འདི་ངེས་པར་གླིང་ཕྲན་ཞིག་ལ་ཐོགས་པར་འགྱུར་ཞེས་གསུངས༌སོ།།
གྲུ་གཟིངས་ཆག་གྲུམ་བྱུང་བ།
27 རླུང་ཆེན་གཡུགས་ནས་ཉིན་བཅུ་བཞི་པའི་མཚན་མོ་དེར་གྲུ་གཟིངས་ཀྱང་ཨ་དྲི་ཡཱ་རྒྱ་མཚོའི་སྟེང་ནས་ཡོམ་ཡོམ་དུ་འགུལ་ཏོ།། ནམ་ཕྱེད་ཙམ་ལ་གྲུ་པ་དག་གིས་སྐམ་ས་དང་ཉེ་བར་སླེབས་པ་རེད་སྙམ༌སྟེ། 28 རྒྱ་མཚོའི་ཟབ་ཚད་འཇལ་བ་ན་འདོམ་ཉི་ཤུ་ཡོད་པ༌དང༌། ཡང་གྲུ་གཟིངས་ཅུང་ཙམ་མདུན་དུ་བསྐྱོད་པ་དང་ཟབ་ཚད་འཇལ་བ་ན་འདོམ་བཅོ་ལྔ་ཡོད་པ་ཤེས༌ཏེ། 29 གྲུ་གཟིངས་རྡོ་ཕ་བོང་ལ་ཐོགས་པར་འཇིགས་ཏེ་གྲུའི་མཇུག་ནས་གཏིང་རྡོ་བཞི་མཚོ་ནང་དུ་འཕངས་རྗེས་ནམ་ལངས་པར་རེ་སྒུག་བྱས་སོ།། 30 དེ་ནས་གྲུ་པ་རྣམས་གྲུ་གཟིངས་ལས་འབྲོ་བར་བསམས༌ཏེ། གྲུ་ཆུང་ཞིག་མཚོ་ནང་དུ་དཔྱངས་པ་དང་གྲུའི་མགོ་ནས་ཀྱང་གཏིང་རྡོ་འགའ་འཕེན་ཁུལ་བྱས་པ༌ལ། 31 ཕོལ་ལོལ་གྱིས་བརྒྱ་དཔོན་དང་དམག་མི་རྣམས་ལ་འདི་སྐད༌དུ། གལ་ཏེ་མི་འདི་རྣམས་གྲུ་གཟིངས་ཀྱི་སྟེང་ནས་མ་བསྡད༌ན། ཁྱོད་ཅག་སུ་ཡིན་ཡང་ཉེན་ཁ་ལས་ཐར་མི་ཐུབ་ཅེས་གསུངས༌པས། 32 དམག་མི་རྣམས་ཀྱིས་གྲུ་ཆུང་གི་ཐག་པ་བཅད་དེ་ཆུར་བཏང༌ངོ༌།།
33 དེ་ནས་སྐྱ་རེངས་ཤར་བའི་དུས༌སུ། ཕོལ་ལོལ་གྱིས་མི་ཀུན་ལ་བཟའ་བཏུང་སྤྱོད་འོས་ཚུལ་འདི་ལྟར་བསྐུལ་བ་སྟེ། ཁྱོད་རྣམས་བཀྲེས་ཤིང་ལྟོགས་ནའང་སེམས་ཁྲལ་བྱས་ནས་བཟའ་བཏུང་མ་སྤྱད་པར་ཉིན་བཅུ་བཞི་སོང༌། 34 དེའི༌ཕྱིར། ངས་ཁྱོད་རྣམས་ལ་བཟའ་བཏུང་སྤྱོད་པར་བསྐུལ༌ཏེ། འདི་ནི་ཁྱོད་ཅག་གི་སྲོག་སྐྱོབ་པའི་ཕྱིར་ཡིན། རྒྱུ་མཚན་ནི་ཁྱོད་ཅག་གི་སྐྲའི་ཉག་མ་གཅིག་ལའང་གནོད་པ་མི་འབྱུང་ཞེས་གསུངས་སོ།། 35 ཕོལ་ལོལ་གྱིས་དེ་སྐད་གསུངས་པ་དང་བག་ལེབ་ཅིག་བླངས་ཏེ། མི་རྣམས་ཀྱི་མདུན་ནས་དཀོན་མཆོག་ལ་བཀའ་དྲིན་ཞུས་ཤིང་དུམ་བུར་བྱས་ནས་ཟོས་པ༌དང༌། 36 མི་ཐམས་ཅད་ཀྱང་སེམས་བདེ་བར་གྱུར་ཏེ་བག་ལེབ་ཟོས། 37 ངེད་ཅག་གི་གྲུ་གཟིངས་ནང་དུ་བསྡོམས་པས་མི་ཉིས་བརྒྱ་དང་བདུན་ཅུ་དོན་དྲུག་ཡོད༌ཅིང༌། 38 ཁོ་རྣམས་ཀྱི་ལྟོ་བ་འགྲངས་རྗེས་གྲུ་གཟིངས་ཇེ་ཡང་དུ་གཏོང༌ཆེད། གྲུ་གཟིངས་ནང་གི་གྲོ་ནི་རྒྱ་མཚོའི་ནང་དུ་འཕངས་སོ།། 39 དེ་ནས་ནམ་ལངས་པ་ན་ཁོ་རྣམས་ཀྱིས་གནས་དེ་གང་ཡིན་མ་ཤེས་ཀྱང་བྱེ་མ་ཡོད་པའི་མཚོ་ཁུག་ཅིག་མཐོང་བ༌དང༌། གྲུ་གཟིངས་དེ་རུ་བསྐྱོད་ཐུབ་མིན་ལ་བལྟ་བར་གྲོས་བྱས་ཏེ་ཐག་བཅད་དོ།། 40 དེ་ནས་གཏིང་རྡོ་དག་བཀྲོལ་ནས་མཚོ་ནང་དུ་བསྐྱུར་བ་དང་མཉམ༌དུ། གྲུ་སྐྱའི་ཐག་པ་ལྷོད་ཅིང་གཡོར་མོ་བསྒྲེངས་ཏེ་རླུང་དང་བསྟུན་ནས་མཚོ་འགྲམ་གྱི་ཕྱོགས་སུ་བསྐྱོད་དོ།། 41 འོན༌ཀྱང༌། གློ་བུར་ཉིད་ལ་ཆུ་འཁོར་གཉིས་ཀྱི་བར་དུ་གྲུ་གཟིངས་བྱེ་འདམ་ནང་དུ་ཟུག་སྟེ། གྲུ་མགོ་འགུལ་རྒྱུ་མེད་པར་གྱུར་ཅིང་གྲུ་མཇུག་མཚོ་རླབས་དྲག་པོས་གཏོར་བའོ།། 42 དེ་ནས་བཙོན་པ་རྣམས་ཆུ་ལ་རྐྱལ་ནས་འབྲོ་བར་དོགས་ཏེ་དམག་མི་རྣམས་ཀྱིས་དེ་དག་གསོད་དགོས་པར་སྙམ་མོད། 43 འོན༌ཀྱང༌། བརྒྱ་དཔོན་གྱིས་ཕོལ་ལོལ་སྐྱོབ་བསམས་ནས་དམག་མི་དག་གི་ལྟ་ཚུལ་བཀག་སྟེ། ཆུ་ལ་རྐྱལ་ཤེས་པ་རྣམས་སྔོན་ལ་ཆུའི་ནང་དུ་མཆོངས་ནས་སྐམ་སར་འགྲོ་བ༌དང༌། 44 གཞན་རྣམས་ཤིང་ལེབ་དང་གྲུའི་སྟེང་གི་བཀོལ་ཐུབ་པའི་དངོས་པོ་རྩག་རྩིག་ལ་བརྟེན་ནས་སྐམ་སར་འགྲོ་དགོས་པའི་བཀའ་གནང༌བས། ངེད་ཐམས་ཅད་དེ་ལྟར་ཉེན་ཁ་ལས་ཐར་ཏེ་སྐམ་སར་སོང༌ངོ༌།།