ལེའུ་བཅུ་གཉིས་པ།
དུས་ཀྱི་མཐའ་མའི་སྐོར།
1 ཡང་ཁོང་གིས་དཱ་ནེ་ཨེལ་ལ་འདི་སྐད་དུ། དུས་དེར། ཁྱོད་ཀྱིས་མི་སྡེ་ལ་སྐྱབས་མཛད་པའི་དབང་སྒྱུར་ཆེན་པོ་མེའ་ཀཱ་ཨེལ་སླེབས་འོང་ཞིང་། མི་སྡེའི་ཐོག་མ་ནས་དུས་དེ་བར་དུ་སྔར་བྱུང་མ་མྱོང་བའི་སྡུག་བསྔལ་ཆེན་པོའི་དུས་ཤིག་སླེབ་པར་འགྱུར་ལ། དུས་དེར་ཁྱོད་ཀྱི་མི་སྡེ་ལས་གླེགས་བམ་དུ་མིང་བཀོད་ཡོད་པ་ཐམས་ཅད་ཐར་བར་འགྱུར་རོ། ། 2 ཡང་ཐལ་རྡུལ་ནང་དུ་གཉིད་འདུག་པ་མང་པོ་སད་པར་འགྱུར་ཞིང་། འགའ་ཞིག་ལ་ཚེ་མཐའ་མེད་པ་འཐོབ་པར་འགྱུར་ལ། འགའ་ཞིག་ངོ་ཚས་གདུང་ཞིང་དུས་གཏན་དུ་གཞན་གྱིས་མཐོང་ཆུང་བྱེད་པར་འགྱུར་རོ། ། 3 མི་བློ་གྲོས་ཅན་རྣམས་ཀྱིས་ནམ་མཁའི་འོད་ཀྱི་ཕུང་པོ་ལྟར་འོད་འཕྲོ་བ་དང་། མི་མང་པོ་དྲང་བདེན་གྱི་ཕྱོགས་སུ་འདྲེན་མཁན་རྣམས་ཀྱིས་དུས་གཏན་དུ་སྐར་ཚོགས་བཞིན་འོད་འཚེར་བར་འགྱུར། 4 འོན་ཀྱང་། དཱ་ནེ་ཨེལ་ཁྱོད་ཀྱིས་དུས་ཀྱི་མཐའ་མའི་བར་དུ་གསུང་འདི་དག་སྦས་ནས་པོད་དེར་ཐེལ་ཙེ་རྒྱོབས་ཤིག མི་མང་པོ་ཕར་རྒྱུག་ཚུར་རྒྱུག་བྱས་ནས་རིག་སྟོབས་འཕེལ་བར་འགྱུར་ཞེས་གསུངས་སོ། །
5 དེ་ནས་དཱ་ནེ་ཨེལ་བདག་གིས་བལྟས་པ་ན། ལྟོས་དང་། མི་གཞན་གཉིས་ཡར་འགྲེང་འདུག་སྟེ། གཅིག་ནི་གཙང་པོའི་ཚུ་རོལ་དང་ཅིག་ཤོས་ནི་གཙང་པོའི་ཕ་རོལ་གྱི་འགྲམ་དུ་མཆིས། 6 དེ་ལས་མི་གཅིག་གིས་གཙང་པོའི་ཆུ་ཡི་སྟེང་དུ་འགྲེང་ཞིང་སོ་རས་ཀྱི་གོས་གྱོན་མཁན་དེ་ལ། དོན་ངོ་མཚར་ཅན་འདི་རྣམས་ཀྱི་མཇུག་འབྲས་དུས་ནམ་ཞིག་ལ་སླེབས་ཡོང་ངམ་ཞེས་དྲིས་སོ། ། 7 བདག་གིས་གཙང་པོའི་ཆུ་ཡི་སྟེང་དུ་འགྲེང་ཞིང་སོ་རས་ཀྱི་གོས་གྱོན་པ་དེས་ལག་ཟུང་གནམ་ལ་བཏེགས་ཏེ། གཏན་དུ་གསོན་པོར་བཞུགས་པ་དེ་ཉིད་དཔང་དུ་བཙུགས་ནས་འདི་སྐད་དུ། ད་དུང་ལོ་གཅིག་དང་། ལོ་གཉིས། ཡང་ལོ་ཕྱེད་ཀ་འགོར་ཡོང་། དེ་དག་གིས་སྐྱེས་བུ་དམ་པ་རྣམས་ཀྱི་སྟོབས་ཤུགས་རྡུལ་དུ་བརླགས་ཟིན་པའི་ཚེ། དོན་འདི་ཐམས་ཅད་འགྲུབ་པར་འགྱུར་ཞེས་མནའ་སྐྱེལ་བ་ཐོས་སོ། །
8 བདག་གིས་ཐོས་ནའང་དོན་མ་གོ་བས་འདི་ལྟར། ཀྱེ་བདག་གི་ཇོ་བོ་ལགས། དོན་དེ་དག་གི་མཐའ་མ་ཅི་འདྲ་ཡིན་ནམ་ཞེས་ཞུས་སོ། ། 9 ཁོང་གིས་ལན་དུ། ཀྱེ་དཱ་ནེ་ཨེལ། ཁྱོད་རང་འགྲོ་བར་གྱིས། གང་ལ་ཞེ་ན། བཀའ་གསུང་འདི་དག་དུས་ཀྱི་མཐའ་མའི་བར་དུ་ཐེལ་ཙེ་བརྒྱབ་ནས་སྦས་ཟིིན་པའི་ཕྱིར་རོ། ། 10 མི་མང་པོས་རང་ཉིད་གཙང་མར་བཟོ་ཞིང་སྐྱོན་གྱི་དྲི་མས་མ་གོས་པ་བྱས་ནས་སྦྱང་བ་འཐོབ་པར་བྱེད་དོ། །འོན་ཀྱང་མི་ངན་དག་གིས་སྔར་བཞིན་ལས་ངན་པ་བྱེད་ཅིང་མི་ངན་ཀུན་གྱིས་དོན་འདི་ཤེས་པར་མི་འགྱུར་ལ། བློ་གྲོས་ཅན་རྣམས་ཀྱིས་ད་གཟོད་རྟོགས་པར་འགྱུར་རོ། ། 11 དེ་ཡང་དུས་རྒྱུན་གྱི་མཆོད་པ་མེད་པར་བྱས་ནས་སྟོང་པར་བྱེད་པའི་སྐྱུག་བྲོ་བ་དེ་བཞེངས་པ་ནས་བརྩམས་ཏེ། ཉིན་ཞག་ཆིག་སྟོང་ཉིས་བརྒྱ་དགུ་བཅུ་ཐམ་པ་ཡོད་ངེས་ཡིན། 12 ཉིན་ཞག་ཆིག་སྟོང་སུམ་བརྒྱ་སུམ་ཅུ་སོ་ལྔ་སླེབས་པའི་བར་དུ་སྒུག་མཁན་དེ་ནི་བདེའོ། ། 13 ཁྱོད་ལ་མཚོན་ན། ཁྱོད་སོང་ནས་མཇུག་འབྲས་ལ་སྒུག་དང་ཁྱོད་ནི་བདེ་བར་འཆི་ངེས་ཡིན། དུས་ཀྱི་མཐའ་མར་སླེབས་ཚེ་ཁྱོད་ནི་སླར་གསོན་ནས་ཁྱོད་ཀྱི་ནོར་སྐལ་ལ་རོལ་བར་འགྱུར་རོ་ཞེས་གསུངས་སོ།། །།