ལེའུ་བཅུ་གཉིས་པ།
དཀོན་མཆོག་གིས་བདམས་པའི་བསྙེན་བཀུར་བྱ་ཡུལ།
1 ཁྱོད་ཅག་གི་ཕ་མེས་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་ཁྱོད་རྣམས་ལ་ས་སྐལ་དུ་གནང་བའི་ཡུལ་དུ། ཁྱོད་རྣམས་ས་སྟེང་ནས་འཚོ་བའི་ཉིན་མོ་རེ་རེར་བསྲུངས་ནས་བསྒྲུབ་དགོས་པའི་སྒྲིག་ཁྲིམས་དང་སྲོལ་ཡིག་རྣམས་འདི་ལྟ་སྟེ། 2 ཁྱོད་རྣམས་ཀྱིས་བདག་གིར་འཛིན་པའི་ཡུལ་དེའི་ལྷ་རྣམས་ལ་བསྙེན་བཀུར་བྱེད་པའི་གནས་ཐམས་ཅད་དེ། རི་མཐོན་པོ་དང་། རི་སྒང་དང་། ལྗོན་ཤིང་སྔོན་པོ་རེ་རེའི་འོག་བཅས་ཀྱི་གནས་ཐམས་ཅད་རྩ་བ་ནས་མེད་པར་གཏོང་དགོས་ཤིང་། 3 དེ་དག་གི་མཆོད་ཁྲི་རྣམས་བཤིགས་ནས། ལྷ་རྟེན་རྣམས་གཅོག་པ་དང་། ལྷ་མོ་ཨ་ཤེ་རཱ་མེར་བསྲེག་པ། དེ་ཚོའི་རྡོ་སྐུ་རྣམས་གཅོད་པ་དང་ཡུལ་དེ་ནས་དེ་ཚོའི་མིང་རྣམས་བསུབ་དགོས། 4 ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེ་ལ་ཁྱོད་ཅག་གིས་དེ་ལྟར་བསྒྲུབ་མི་རུང་། 5 ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་གི་ཚོ་པ་ཁག་ནས་ཁོང་གི་མཚན་འགོད་པར་བདམས་པའི་བཞུགས་གནས་སུ་སོང་སྟེ་ཁོང་ལ་ཞུ་བ་འབུལ་དགོས་ལ། 6 ཁྱོད་རྣམས་ཀྱི་སྦྱིན་སྲེག་དང་མཆོད་རྫས་དང་། བཅུ་ཆ་གཅིག་དང་འདེགས་མཆོད་དང་། དམ་བཅའི་མཆོད་པ་དང་ཡིད་མོས་མཆོད་པ། བ་ཁྱུ་དང་ར་ལུག་གི་ཁྱུ་ཡི་སྐྱེས་འགོ་བཅས་གནས་དེར་འཁྱེར་དགོས། 7 གནས་དེར་ཁྱོད་ཅག་དང་རང་གི་ནང་མི་རྣམས་ཀྱིས་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེའི་མདུན་ནས་བཟའ་བཏུང་སྤྱོད་པ་དང་། ཁྱོད་རྣམས་ཀྱི་ལག་གི་ལས་ཀ་ཐམས་ཅད་ལ་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེས་བྱིན་རླབས་མཛད་ནས་སྤྲོ་བར་འགྱུར་རོ། ། 8 དེ་རིང་རང་ཅག་མི་རེ་རེས་རང་རང་གི་མིག་མདུན་ནས་གང་ཞིག་ལེགས་པར་སྙམ་པ་དེ་བྱེད་པས། མ་འོངས་པར་ཁྱོད་ཅག་གིས་འདི་བཞིན་བསྒྲུབ་མི་རུང་། 9 ཅི་ལ་ཞེ་ན། ད་ལྟ་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་ལ་གནང་བའི་ངལ་གསོ་བའི་ཡུལ་དང་ས་སྐལ་ཡིན་པའི་ཡུལ་དུ་ཁྱོད་རྣམས་ད་དུང་སླེབས་མེད་པ་ཡིན། 10 འོན་ཀྱང་ཁྱོད་རྣམས་ཡོར་དན་གཙང་པོའི་ཕ་རོལ་ཏུ་འབྱོར་ནས། ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་ལ་ས་སྐལ་དུ་གནང་བའི་ཡུལ་དེར་གཞིས་ཕབ་ཅིང་། ཁོང་གིས་ཁྱོད་རྣམས་བདེ་བར་བཀོད་ནས་མཐའ་འཁོར་གྱི་དགྲ་རྣམས་ལས་བཀྲོལ་བ་དང་། ཁྱོད་བདེ་བར་འཚོ་རུ་བཅུག་ན། 11 དུས་དེར་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེས་ཉིད་ཀྱི་མཚན་འགོད་པའི་གནས་སུ་བདམས་པའི་ཡུལ་དེར། ངས་ཁྱོད་ཅག་ལ་བསྒོས་པའི་སྦྱིན་སྲེག་དང་མཆོད་རྫས་དང་། བཅུ་ཆ་གཅིག་དང་འདེགས་མཆོད་དང་། ཁྱོད་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེ་ལ་འབུལ་བར་དམ་བཅས་པའི་མཆོད་པ་ཆེས་བཟང་པོ་ཐམས་ཅད་འཁྱེར་འོང་དགོས། 12 དེར་ཁྱོད་རྣམས་དང་ཁྱོད་རྣམས་ཀྱི་བུ་དང་བུ་མོ། གཡོག་པོ་དང་གཡོག་མོ། ཁྱོད་རྣམས་ཀྱི་གྲོང་རྡལ་དུ་གནས་པའི་ལེ་ཝི་པ་བཅས་ཐམས་ཅད་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེའི་དྲུང་དུ་དགའ་བར་འགྱུར་ཏེ། ལེ་ཝི་པ་རྣམས་ལ་ཁྱོད་ཅག་གི་ཁྲོད་དུ་ཐོབ་སྐལ་དང་ནོར་སྐལ་གང་ཡང་མེད་དོ། ། 13 ཁྱོད་ཀྱིས་གཟབ་གཟབ་གྱིས་ཤིག རང་གིས་བློར་འབབ་པའི་གནས་གང་རུང་དུ་སྦྱིན་སྲེག་གི་མཆོད་པ་འབུལ་མི་འོས། 14 དཀོན་མཆོག་ཡ་ཝཱེས་ཁྱོད་རྣམས་ཀྱི་ཚོ་པ་ཁག་གི་གཅིག་ནས་བདམས་པའི་ཡུལ་དེར། ཁྱོད་རྣམས་ཀྱི་སྦྱིན་སྲེག་གི་མཆོད་པ་འབུལ་བ་དང་ངས་ཁྱོད་རྣམས་ལ་བསྒོས་པའི་བཀའ་ཐམས་ཅད་གནས་དེ་རུ་བསྒྲུབ་དགོས་སོ། །
15 དེ་ལྟ་ནའང་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེས་ཁྱོད་རྣམས་ལ་བྱིན་རླབས་བསྩལ་པ་ནང་བཞིན། ཁྱོད་ཅག་གི་གྲོང་རྡལ་སོ་སོར་རང་རང་གི་འདོད་པ་ལྟར་སྲོག་ཆགས་བཤས་ནས་ཤ་བཟའ་རུང་བ་ཡིན། མི་གཙང་མ་དང་གཙང་མ་མིན་པ་ཀུན་གྱིས་དགོ་བ་དང་ཤྭ་བའི་ཤ་ཟ་བ་བཞིན་ཟོས་ཆོག 16 ཁྲག་གཅིག་པུ་བཟའ་མི་རུང་ལ་དེ་ནི་ཆུ་ལྟར་ས་ལ་ལྡུག་དགོས། 17 ཁྱོད་རྣམས་ཀྱི་འབྲུ་རིགས་དང་རྒུན་ཆང་གསར་པ་དང་སྣུམ་གསར་པའི་བཅུ་ཆ་གཅིག་དང་། བ་ཁྱུ་དང་ར་ལུག་གི་ཁྱུ་ཡི་སྐྱེས་འགོ་དང་དམ་བཅའི་མཆོད་པ་ཐམས་ཅད། ཡིད་མོས་མཆོད་པ་དང་འདེགས་མཆོད་བཅས་ནི་གང་ཡིན་ཡང་ཁྱོད་ཅག་གི་གྲོང་རྡལ་དུ་བཟའ་མི་རུང་། 18 དེ་རྣམས་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེས་བདམས་པའི་ཡུལ་དུ། ཁྱོད་རྣམས་དང་ཁྱོད་རྣམས་ཀྱི་བུ་དང་བུ་མོ། གཡོག་པོ་དང་གཡོག་མོ། ཁྱོད་རྣམས་ཀྱི་གྲོང་རྡལ་དུ་ཡོད་པའི་ལེ་ཝི་པ་བཅས་ཀྱིས་ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེའི་དྲུང་དུ་བཟའ་དགོས། ཡང་ཁྱོད་རྣམས་ལག་གི་ལས་ཀ་ཐམས་ཅད་ཀྱི་ཕྱིར་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེའི་དྲུང་དུ་དགའ་བར་གྱུར་ཅིག 19 ཁྱོད་རྣམས་ཀྱིས་གཟབ་གཟབ་བྱས་ནས་རང་གི་ཡུལ་དུ་སྡོད་པའི་རིང་ལ་ལེ་ཝི་པ་རྣམས་སྣང་མེད་དུ་བསྐྱུར་བར་གཏན་ནས་མི་བྱའོ། །
20 ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་ལ་ཞལ་བཞེས་གནང་བ་བཞིན་དུ། ཁྱོད་རྣམས་ཀྱི་མཐའ་མཚམས་རྣམས་རྒྱ་བསྐྱེད་པའི་ཚེ། ཁྱོད་རྣམས་ཀྱི་སེམས་སུ་ཤ་བཟའ་བར་འདོད་ན་ངས་ཤ་བཟའ་འདོད་ཅེས་སྨྲ་དགོས་ལ། དེ་ནས་རང་གི་འདོད་པ་བཞིན་ཤ་བཟའ་རུང་བ་ཡིན། 21 ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་ཉིད་ཀྱི་མཚན་འགོད་པར་བདམས་པའི་གནས་དེ་ཁྱོད་རྣམས་དང་རྒྱང་ཐག་རིང་དྲགས་ན། ངས་ཁྱོད་རྣམས་ལ་བསྒོས་པའི་བཀའ་བཞིན་དུ། དཀོན་མཆོག་ཡ་ཝཱེས་ཁྱོད་རྣམས་ལ་གནང་བའི་བ་གླང་དང་ར་ལུག་འགའ་བཤས་ཏེ་རང་གི་གྲོང་རྡལ་དུ་འདོད་པ་བཞིན་ཟོས་ཆོག 22 ཁྱོད་རྣམས་ཀྱིས་ཤ་དེ་ཟ་སྐབས་དགོ་བ་དང་ཤྭ་བའི་ཤ་ཟ་བ་བཞིན་དུ་ཟོས་ཆོག་ལ། མི་གཙང་མ་དང་གཙང་མ་མིན་པ་ཀུན་གྱིས་མཉམ་དུ་ཟོས་ཆོག་གོ ། 23 འོན་ཀྱང་ཁྱོད་རྣམས་ཀྱི་སེམས་བརྟན་པོར་ཚུགས་དགོས་ཤིང་ཁྲག་གཅིག་པུ་བཟའ་མི་རུང་སྟེ། ཅི་ལ་ཞེ་ན། ཁྲག་ནི་ཚེ་སྲོག་ཡིན་པས་ཤ་དང་ལྷན་དུ་ཚེ་སྲོག་བཟའ་མི་རུང་ངོ་། ། 24 ཁྱོད་རྣམས་ཀྱིས་ཁྲག་བཟའ་མི་རུང་ལ་དེ་ནི་ཆུ་ལྟར་ས་ལ་ལྡུག་དགོས། 25 ཁྱོད་རྣམས་ཀྱིས་ཁྲག་བཟའ་མི་རུང་ལ། དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ལེགས་པོ་གང་ཡིན་དེ་སྤྱད་ན། ཁྱོད་རྣམས་དང་ཁྱོད་ཅག་གི་བུ་རབས་ཚ་རྒྱུད་རྣམས་བདེ་བར་འགྱུར་ངེས། 26 དེ་ལྟ་ནའང་ཁྱོད་རྣམས་ཀྱིས་རང་གི་མཆོད་རྫས་དམ་པ་རྣམས་དང་། དམ་བཅའི་མཆོད་པ་རྣམས་ཁྱེར་ནས་དཀོན་མཆོག་ཡ་ཝཱེས་བདམས་པའི་གནས་སུ་འགྲོ་དགོས་ཤིང་། 27 ཁྱོད་རྣམས་ཀྱི་སྦྱིན་སྲེག་གི་མཆོད་པའི་ཤ་དང་ཁྲག་རྣམས་ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེའི་མཆོད་ཁྲི་སྟེང་འབུལ་དགོས། མཆོད་རྫས་ཀྱི་ཁྲག་རྣམས་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེའི་མཆོད་ཁྲིའི་སྟེང་དུ་ལྡུག་དགོས། ཡིན་ནའང་ཤ་དེ་ཁྱོད་རྣམས་ཀྱིས་ཟོས་ཆོག 28 ཁྱོད་རྣམས་ཀྱིས་ངས་ཁྱོད་ཅག་ལ་བསྒོས་པའི་བཀའ་ཐམས་ཅད་གཟབ་གཟབ་ངང་བསྲུང་བར་གྱིས་ཤིག ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ལེགས་ཤིང་དྲང་པོ་གང་ཡིན་དེ་སྤྱད་ན། ཁྱོད་རྣམས་དང་ཁྱོད་རྣམས་ཀྱི་བུ་རབས་ཚ་རྒྱུད་རྣམས་གཏན་དུ་བདེའོ། །
29 ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་ཁྱོད་རྣམས་སོང་ནས་ཕྱི་རུ་སྐྲོད་པར་འགྱུར་བའི་མི་རིགས་དེ་དག་ཁྱོད་ཅག་གི་མདུན་ནས་མེད་པར་མཛད་རྗེས། ཁྱོད་རྣམས་ལ་དེ་དག་གི་ཡུལ་ཐོབ་ནས་དེ་རུ་གཞིས་ཆགས་ངེས་ཡིན། 30 དེའི་དུས་སུ་ཁྱོད་རྣམས་ཀྱིས་གཟབ་གཟབ་གྱིས་ཤིག དེ་དག་ཁྱོད་རྣམས་ཀྱི་མདུན་ནས་མེད་པར་མཛད་པའི་རྗེས་སུ། དེ་ཚོའི་རྗེས་སུ་འབྲངས་ནས་རྙི་ལ་ཚུད་པར་མི་བྱ་ཞིང་། ཁོ་ཚོའི་ལྷ་རྣམས་ལ་ཞུས་ནས་འདི་ལྟར། མི་རིགས་འདི་དག་གིས་ཇི་ལྟར་ཁོ་ཚོའི་ལྷ་རྣམས་ལ་བསྙེན་བཀུར་བྱས་པ་ཡིན་ན་ང་ཚོས་ཀྱང་དེ་ལྟར་བསྒྲུབ་པར་འགྱུར་རོ་ཞེས་བརྗོད་མི་རུང་། 31 ཁྱོད་རྣམས་ཀྱིས་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེ་ལ་དེ་ལྟར་བྱེད་མི་རུང་། ཅི་ལ་ཞེ་ན། དེ་དག་གིས་དཀོན་མཆོག་ཡ་ཝཱེ་སྡང་ཞིང་ཞེ་མེར་བའི་དོན་རྣམས་རང་གི་ལྷ་རྣམས་ལ་བྱས་པ་དང་། ཐ་ན་རང་གི་བུ་དང་བུ་མོ་རྣམས་ཀྱང་མེ་རུ་བསྲེགས་ནས་ཁོ་ཚོའི་ལྷ་རྣམས་ལ་ཕུལ་བའོ། །
32 བདག་གིས་ཁྱོད་རྣམས་ལ་བསྒོས་པའི་བཀའ་གསུང་ཐམས་ཅད་སྲུངས་ལ་སྒྲུབས་ཤིག དེ་ལ་ཁ་སྣོན་དང་ཉུང་འཕྲི་གང་ཡང་བྱེད་མི་རུང་ངོ་། །