ལེའུ་ཉེར་གཅིག་པ།
ནག་ཉེས་ལ་འགྱོད་བཤགས་བྱེད་པའི་སྒྲིག་ཁྲིམས།
ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་ལ་ས་སྐལ་དུ་གནང་བའི་ཡུལ་དུ། གལ་སྲིད་མི་ཞིག་བསད་ནས་བེམ་པོ་ཐང་ལ་ལྷུང་ཡོད་པ་རྙེད་ན་ཡང་། དེ་སུས་བསད་པ་མ་ཤེས་ན། ཁྱོད་རྣམས་ཀྱི་རྒན་པོ་རྣམས་དང་ཁྲིམས་དཔོན་རྣམས་ཕྱི་ལ་འོངས་ཏེ། བེམ་པོ་དང་ཉེ་འཁོར་གྲོང་ཁྱེར་རྣམས་བར་གྱི་ལམ་ཐག་བཅལ་ནས། མི་དེའི་བེམ་པོ་དང་ཆེས་ཐག་ཉེ་བའི་གྲོང་ཁྱེར་གང་ཡིན་པར་བལྟ་དགོས་ཤིང་། གྲོང་ཁྱེར་དེའི་རྒན་པོ་རྣམས་ཀྱིས་བ་ཁྱུ་ལས་བ་དྲུས་མ་ལས་ཀ་གང་ཡང་མ་བྱས་པ་དང་། གཉའ་ཤིང་གཏན་ནས་འཁུར་མ་མྱོང་བ་ཞིག་འཁྲིད་འོང་དགོས། གྲོང་ཁྱེར་དེའི་རྒན་པོ་རྣམས་ཀྱིས་བ་དྲུས་མ་དེ་ནི་ནམ་ཡང་རྨོ་འདེབས་མ་བྱས་ལ་ས་བོན་ཡང་མ་བཏབ་པའི་གྲོག་རོང་ཆུ་རྒྱུན་ཅན་ཞིག་ཏུ་ཁྲིད་ནས། གྲོག་རོང་དེ་རུ་བ་དྲུས་མ་དེའི་སྐེ་ཚིགས་གཅུ་དགོས། དེ་ནས་ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་ཁོང་ཉིད་ལ་བསྙེན་བཀུར་བྱེད་པ་དང་། ཁོང་གི་མཚན་གྱི་སྒོ་ནས་བྱིན་རླབས་གནང་བར་བདམས་པའི་མཆོད་དཔོན་རྣམས་ཏེ་ལེ་ཝི་ཚོ་པའི་བུ་རྣམས་སྔོན་ལ་འོང་བ་དང་། རྩོད་པ་དང་རྒོལ་བ་ཐམས་ཅད་དེ་དག་གི་གཏམ་གྱིས་ཐག་གཅོད་བྱེད་དགོས། གཞན་གྱིས་བསད་པའི་མི་དེ་དང་ཆེས་ཉེ་བའི་གྲོང་ཁྱེར་དེའི་རྒན་པོ་ཐམས་ཅད་ཀྱིས་གྲོག་རོང་ནས་སྐེ་ཚིགས་གཅུས་པའི་བ་དྲུས་མའི་གོང་དུ་ལག་པ་བཀྲུ་དགོས་པ་དང་། དེ་དག་གིས་འདི་ལྟར། ང་ཚོའི་ལག་པས་མི་འདིའི་ཁྲག་བཞུར་དུ་མ་བཅུག་ལ། ང་ཚོའི་མིག་གིས་ཀྱང་དོན་འདི་མ་མཐོང་། ཀྱེ་དཀོན་མཆོག་ཡ་ཝཱེ་ལགས། ཁྱེད་ཀྱིས་བླུས་པའི་འབངས་མི་ཡེས་ར་ཨེལ་ལ་གུ་ཡངས་མཛོད་ཅིག ཉེས་མེད་ཀྱི་ཁྲག་བཞུར་བའི་སྡིག་པ་ནི་ཁྱེད་ཀྱི་འབངས་མི་ཡེས་ར་ཨེལ་གྱི་སྟེང་ལ་མི་འགེལ་བར་མཛོད་ཅེས་ཞུས་ན། ཁོ་ཚོའི་ཁྲག་བཞུར་ཏུ་བཅུག་པའི་སྡིག་པ་བསལ་བ་ཡིན་ནོ། ། གལ་སྲིད་ཁྱོད་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་དྲང་པོ་གང་ཡིན་དེ་སྤྱད་ན། ཁྱོད་ཅག་གི་ཁྲོད་ནས་ཉེས་མེད་ཀྱི་ཁྲག་བཞུར་བའི་སྡིག་པ་མེད་པར་བྱའོ། །
བུད་མེད་བཙོན་མ་རྣམས་ཆུང་མར་ལེན་པའི་སྒྲིག་ཁྲིམས།
10 ཁྱོད་རྣམས་ཕྱི་རོལ་ཏུ་སོང་ནས་དགྲ་རྣམས་ལ་འཐབ་པའི་ཚེ། ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་དེ་དག་ཁྱོད་ཅག་གི་ལག་ཏུ་སྤྲད་ནས། ཁྱོད་རྣམས་ཀྱིས་དེ་དག་བཙོན་དུ་ཁྲིད་པ་དང་། 11 བཙོན་མའི་ཁྲོད་ནས་བུད་མེད་མཛེས་མ་ཞིག་མཐོང་ནས་དེ་ལ་ཡིད་སྨོན་ཤོར་ཏེ་ཆུང་མར་བསུ་འདོད་ན། 12 དེ་ཁྱོད་ཀྱི་ཁྱིམ་དུ་ཁྲིད་ནས། ཁོ་མོས་རང་གི་སྐྲ་བཞར་ཏེ་སེན་མོ་གཅོད་དགོས་ལ། 13 བཙོན་དུ་འཁྲིད་ཡོང་སྐབས་གྱོན་པའི་གོས་ཕུད་ནས། ཟླ་བ་གཅིག་ལ་ཁོ་མོའི་ཕ་མའི་ཆེད་དུ་མྱ་ངན་བྱས་ནས་ཁྱོད་ཀྱི་ཁྱིམ་དུ་འདུག་དགོས། དེའི་རྗེས་སུ་ཁྱོད་རང་ཁོ་མོ་དང་ལུས་འབྲེལ་བྱས་ནས་ཁྱོད་ནི་ཁོ་མོའི་ཁྱོ་ག་དང་། ཁོ་མོ་ཁྱོད་ཀྱི་ཆུང་མ་བྱེད་རུང་བ་ཡིན། 14 གལ་སྲིད་མ་འོངས་པར་ཁྱོད་ནི་ཁོ་མོ་ལ་དགའ་མོས་མེད་ན། ཁོ་མོ་གང་དུ་འགྲོ་འདོད་ན་དེར་འགྲོ་རུ་འཇུག་པ་ལས། ཁྱོད་ཀྱིས་ཁོ་མོར་བརྙས་བཅོས་བྱས་ཟིན་པས། ཁོ་མོ་དངུལ་གྱི་ཕྱིར་དུ་བཙོང་བའམ་གཡོག་མོ་ནང་བཞིན་བྱེད་མི་རུང་ངོ་། །
15 གལ་ཏེ་མི་ཞིག་ལ་ཆུང་མ་གཉིས་ཡོད་ཅིང་། གཅིག་ནི་ཁོས་གཅེས་པ་དང་ཅིག་ཤོས་ནི་ཁོས་མི་གཅེས་པ་ཡིན་ལ། དེ་གཉིས་ལ་བུ་སྐྱེས་ནས་བུ་སྐྱེས་འགོ་དེ་ཁོས་མི་གཅེས་པའི་ཆུང་མ་ལས་སྐྱེས་པ་ཡིན་ན། 16 མི་དེས་རང་གི་བུ་ལ་ནོར་སྐལ་བགོ་བའི་ཉིན་མོར། ཁོས་རང་གིས་གཅེས་པའི་ཆུང་མ་དེའི་བུ་ནི་ཁོས་མི་གཅེས་པའི་ཆུང་མ་དེའི་བུ་སྟེ་བུ་སྐྱེས་འགོ་ཡི་ཚབ་ཏུ་འཇོག་མི་རུང་སྟེ། 17 ཁོས་མི་གཅེས་པའི་ཆུང་མའི་བུ་དེ་སྐྱེས་འགོ་ཡིན་པ་ཁས་བླངས་ནས་རང་གི་རྒྱུ་ནོར་ཐམས་ཅད་ལས་ཉིས་སྐལ་སྟེར་དགོས། ཅི་ལ་ཞེ་ན། དེ་ནི་ཁོ་ལ་ལུས་སྟོབས་རྒྱས་པའི་སྐབས་སུ་ཐོབ་པའི་བུ་སྐྱེས་འགོ་ཡིན་ལ། བུ་སྐྱེས་འགོའི་ནོར་སྐལ་དེ་ཁོའི་ཡིན་ནོ། །
བུ་ངོ་ལོག་ཅན་ལ་སྲོག་ཆད་གཅོད་པའི་སྒྲིག་ཁྲིམས།
18 གལ་ཏེ་མི་ཞིག་ལ་ཨུ་ཚུགས་ཆེ་ཞིང་ངོ་ལོག་བྱེད་པའི་བུ་ཞིག་སྐྱེས་ནས་ཕ་མའི་ངག་ལ་མི་ཉན་པ་དང་། དེ་དག་གིས་བཅུན་ནའང་ངག་ལ་མི་ཉན་པ་ཞིག་ཡིན་ན། 19 ཁོའི་ཕ་མ་གཉིས་ཀྱིས་རང་གི་བུ་བཟུང་ནས་རང་གི་གྲོང་ཁྱེར་གྱི་རྒན་པོ་ཚོའི་དྲུང་དུ་ཁྲིད་སོང་སྟེ། 20 གྲོང་ཁྱེར་གྱི་རྒན་པོ་རྣམས་ལ། ངེད་ཀྱི་བུ་འདི་ཨུ་ཚུགས་ཆེ་ཞིང་ངོ་ལོག་བྱེད་མཁན་ཞིག་ཡིན་ལ། ངེད་ཀྱི་ངག་ལ་མི་ཉན་པར་ཟས་ལ་རྔམ་ཞིང་ཆང་ལ་དགའ་བའི་མི་ཞིག་ཡིན་ནོ་ཞེས་སྨྲ་དགོས་ཤིང་། 21 དེ་ནས་གྲོང་ཁྱེར་དེའི་མི་ཐམས་ཅད་ཀྱིས་ཁོ་ལ་རྡོ་རུབ་བཏང་ནས་གསོད་དགོས། དེ་ལྟར་ཁྱོད་ཅག་གི་ཁྲོད་ནས་མི་ངན་མེད་པར་བཟོ་དགོས་ལ། ཡེས་ར་ཨེལ་པ་ཐམས་ཅད་ཀྱིས་དེ་ཐོས་ནས་འཇིགས་པར་འགྱུར་རོ། །
22 གལ་ཏེ་མི་ཞིག་གིས་སྲོག་ཁྲིམས་གཅོད་དགོས་པའི་ཉེས་པ་བསགས་ན་དེ་བསད་པའི་རྗེས་སུ། མི་དེ་སྡོང་པོའི་སྟེང་དུ་འགེལ་དགོས། 23 དེའི་བེམ་པོ་ཞག་གང་པོར་སྡོང་པོའི་སྟེང་དུ་བསྐྱུར་མི་འོས་ཏེ། ཉིན་དེར་ངེས་པར་དུར་ལ་འཇུག་དགོས། ཅི་ལ་ཞེ་ན། སྡོང་མགོར་བཀལ་བའི་མི་སུ་ཡིན་ཡང་དཀོན་མཆོག་གིས་དམོད་མོ་བཏབ་པ་ཡིན་ནོ། །དེ་ལྟར་བྱས་ན་ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་ལ་ས་སྐལ་དུ་གནང་བའི་ཡུལ་དེ་ཁྱོད་ཅག་གིས་བཙོག་པར་མི་བྱའོ། །