ལེའུ་སོ་གཅིག་པ།
ཡོ་ཤུ་ཨ་བྱ་བ་མོ་ཤེའི་རྒྱུན་འཛིན་དུ་བསྐོས་པ།
1 དེར་མོ་ཤེ་སོང་ནས་ཡེས་ར་ཨེལ་པ་ཐམས་ཅད་ལ་བཀའ་འདི་རྣམས་གསུངས་པ་སྟེ། 2 ཁོང་ན་རེ། ད་ནི་ང་རང་ལོ་བརྒྱ་དང་ཉི་ཤུ་ཡིན་པས་སྔར་བཞིན་ཕྱི་ནང་དུ་འགྲོ་འོང་བྱེད་མི་ནུས། དཀོན་མཆོག་ཡ་ཝཱེས་ཀྱང་ང་ལ་ཁྱོད་ཡོར་དན་གཙང་པོའི་ཕ་རོལ་ཏུ་འགྲོ་མི་རུང་ཞེས་བཀའ་གནང་ཡོད། 3 ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་དངོས་སུ་ཁྱོད་ཅག་ཁྲིད་ནས་ཕར་ཕེབས་ཤིང་། ཁྱོད་ཅག་གི་མདུན་ནས་མི་རིགས་དེ་དག་མེད་པར་མཛད་ནས་ཡུལ་དེ་ཁྱོད་ཅག་ལ་དབང་བར་འགྱུར། དཀོན་མཆོག་ཡ་ཝཱེས་གསུངས་པ་ནང་བཞིན་ཡོ་ཤུ་ཨས་དངོས་སུ་ཁྱོད་ཅག་ཁྲིད་ནས་ཕར་འགྲོ་བ་དང་། 4 དཀོན་མཆོག་ཡ་ཝཱེས་ཨེ་མོར་པ་རྣམས་ཀྱི་རྒྱལ་པོ་སི་ཧོན་དང་ཨོག་གཉིས་ཀ་དང་ཁོ་རྣམས་ཀྱི་རྒྱལ་ཁམས་ཇི་ལྟར་མེད་པར་མཛད་པ་བཞིན། དེ་དག་ལའང་དེ་བཞིན་མཛད་ཡོང་། 5 དཀོན་མཆོག་ཡ་ཝཱེས་དེ་དག་ཁྱོད་རྣམས་ལ་སྤྲོད་ཅིང་། ཁྱོད་ཅག་གིས་དེ་དག་ལ་ངས་ཁྱོད་ཅག་ལ་བསྒོས་པའི་བཀའ་ཐམས་ཅད་བཞིན་དུ་བྱེད་དགོས། 6 ཁྱོད་ཅག་གིས་སྙིང་སྟོབས་དང་དཔའ་སེམས་སྐྱེད་ཅིག དེ་དག་ལ་འཇིགས་ནས་འདར་མི་དགོས། ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེ་ནི་ཁྱོད་ཅག་དང་མཉམ་དུ་ཕེབས་པ་ཡིན་པས། ཁོང་གིས་ཁྱོད་རྣམས་སྤང་བར་མི་བྱ་ཞིང་འདོར་ཡང་མི་སྲིད་ཅེས་གསུངས་སོ། །
7 དེ་ཡང་མོ་ཤེ་ཡིས་ཡོ་ཤུ་ཨ་བོས་ནས་ཡེས་ར་ཨེལ་པ་ཐམས་ཅད་ཀྱི་མཐོང་ངོར་ཁོ་ལ་འདི་ལྟར། ཁྱོད་ལ་སྙིང་སྟོབས་དང་དཔའ་སེམས་ལྡན་པར་གྱུར་ཅིག ཅི་ལ་ཞེ་ན། ཁྱོད་ནི་མི་འདི་རྣམས་དང་མཉམ་དུ་དཀོན་མཆོག་ཡ་ཝཱེས་ཁོ་རྣམས་ཀྱི་ཕ་མེས་ལ་གནང་བར་མནའ་བཞེས་པའི་ཡུལ་དུ་འགྲོ་བ་དང་། ཁྱོད་ཀྱིས་ཡུལ་དེ་འདི་དག་གི་ས་སྐལ་དུ་སྦྱིན་དགོས། 8 དཀོན་མཆོག་ཡ་ཝཱེ་དངོས་སུ་ཁྱོད་ཀྱི་སྔོན་དུ་ཕེབས་ནས་ཁོང་ཁྱོད་དང་མཉམ་དུ་བཞུགས་པ་དང་། ཁོང་གིས་ཁྱོད་སྤངས་ནས་འདོར་མི་སྲིད་པས། ཁྱོད་འཇིགས་ནས་དངངས་མི་དགོས་ཞེས་གསུངས་སོ། །
བཀའ་ཁྲིམས་ཀློག་པ།
9 དེ་ནས་མོ་ཤེ་ཡིས་བཀའ་ཁྲིམས་འདི་ཡི་གེར་བཀོད་ནས། དཀོན་མཆོག་ཡ་ཝཱེའི་ཞལ་ཆད་ཀྱི་ཤུར་སྒམ་འཁུར་བའི་ལེ་ཝི་ཚོ་པའི་མཆོད་དཔོན་རྣམས་ཀྱི་བུ་རྒྱུད་དང་ཡེས་ར་ཨེལ་གྱི་རྒན་པོ་ཀུན་ལ་སྤྲད་དོ། ། 10 མོ་ཤེ་ཡིས་ཁོ་རྣམས་ལ་འདི་ལྟར། ལོ་བདུན་རེའི་མཐར་མཇུག་གི་ལོ་སྟེ། ཆག་ཡང་གཏོང་བའི་དུས་བཅད་ལོ་དང་སྤྱིལ་བུའི་དུས་ཆེན་སྐབས་སུ། 11 ཡེས་ར་ཨེལ་པ་ཐམས་ཅད་ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེའི་དྲུང་དུ་ཁོང་གིས་བདམས་པའི་གནས་སུ་ཡོང་སྐབས། ཁྱོད་རྣམས་ཀྱིས་བཀའ་ཁྲིམས་འདི་ཡེས་ར་ཨེལ་པ་ཀུན་གྱི་རྣ་ལམ་དུ་འཇོག་དགོས། 12 ཁྱོད་ཅག་གིས་སྐྱེས་པ་དང་བུད་མེད་དང་། བྱིས་པ་དང་། ཁྱོད་རྣམས་ཀྱི་གྲོང་རྡལ་དུ་ཡོད་པའི་བྱེས་པ་བཅས་མི་ཐམས་ཅད་སྡུས་ཤིག དེ་ནས་ཁོ་རྣམས་ཀྱིས་ཐོས་ཤིང་བསླབ་པ་དང་། ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེ་ལ་གུས་ཤིང་འཇིགས་ནས་བཀའ་ཁྲིམས་འདིའི་གསུང་ཐམས་ཅད་གཟབ་གཟབ་ངང་བསྲུངས་ཏེ་བསྒྲུབ་དགོས་ལ། 13 དེ་དག་གི་བུ་ཕྲུག་སྟེ་ད་དུང་བཀའ་ཁྲིམས་འདི་ཅི་ཡང་མི་ཤེས་པ་རྣམས་ཀྱིས་ཐོས་པ་དང་། ཁྱོད་རྣམས་ཡོར་དན་གཙང་པོ་བརྒལ་ནས་བདག་གིར་འཛིན་དུ་འགྲོ་བའི་ཡུལ་དེར་འཚོ་བའི་སྐབས་སུ། ཚེ་གང་པོར་ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེ་ལ་གུས་ཤིང་འཇིགས་དགོས་ཚུལ་སློབ་དགོས་ཞེས་གསུངས་སོ། །
ཡོ་ཤུ་ཨ་བྱ་བ་ཡེས་ར་ཨེལ་གྱི་དམག་དཔོན་དུ་བསྐོས་པ།
14 དེ་ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། ལྟོས་དང་། ཁྱོད་འཆི་བའི་དུས་ལ་སླེབས་པས་ཡོ་ཤུ་ཨ་བོས་ཤོག ངས་ཁོ་ལ་ལས་འགན་བསྐོ་བའི་ཕྱིར་ཁྱོད་གཉིས་མཇལ་འཕྲད་གུར་མཆོག་ཏུ་ལངས་འདུག་དགོས་ཞེས་བཀའ་གནང་བས། མོ་ཤེ་དང་ཡོ་ཤུ་ཨ་གཉིས་མཇལ་འཕྲད་གུར་མཆོག་ཏུ་སླེབས། 15 དཀོན་མཆོག་ཡ་ཝཱེ་མཇལ་འཕྲད་གུར་མཆོག་ནང་དུ་སྤྲིན་གྱི་ཀ་བའི་ཁྲོད་ནས་མངོན་པར་གྱུར་ཅིང་། སྤྲིན་གྱི་ཀ་བ་དེ་མཇལ་འཕྲད་གུར་མཆོག་གི་སྒོ་ཡི་གོང་རོལ་དུ་བཞུགས་པའོ། །
16 ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ། ལྟོས་དང་། ཁྱོད་ཕ་མེས་རྣམས་དང་མཉམ་དུ་མིག་བཙུམ་པར་འགྱུར་ཞིང་། མི་འདི་རྣམས་ཡར་ལངས་ནས་ཁོ་རྣམས་འགྲོ་སའི་གནས་དེ་རུ། ཡུལ་དེའི་མི་རྣམས་ཀྱི་ཁྲོད་དུ་བྱེས་པ་དེ་དག་གི་ལྷ་རྣམས་ཀྱི་རྗེས་སུ་འབྲངས་ནས་ལོག་གཡེམ་བྱེད་ཅིང་། བདག་སྤངས་ནས་བདག་གིས་ཁོ་རྣམས་ལ་བཞག་པའི་ཁ་ཆད་དང་འགལ་བར་འགྱུར། 17 ཉིན་མོ་དེར་ང་ཁོ་རྣམས་ལ་ཁོང་ཁྲོ་རབ་ཏུ་འབར་ནས་དེ་དག་སྤངས་ནས་ཁོ་ཚོར་ངའི་གདོང་མི་སྟོན་ལ། ཁོ་རྣམས་གཞན་གྱིས་ཁྱུར་མིད་གཏོང་བར་མ་ཟད། ཆག་སྒོ་དང་དཀའ་སྡུག་མང་པོ་ཁོ་ཚོའི་སྟེང་ལ་འབབ། ཉིན་མོ་དེར་ཁོ་ཚོ་ན་རེ། རང་ཅག་གི་དཀོན་མཆོག་རང་རེའི་ཁྲོད་དུ་མི་བཞུགས་པས། ཆག་སྒོ་འདི་རྣམས་རང་ཅག་གི་སྟེང་དུ་བྱུང་བ་མ་ཡིན་ནམ་ཞེས་སྨྲ་བར་འགྱུར། 18 ཉིན་མོ་དེར་དེ་དག་ལྷ་གཞན་གྱི་ཕྱོགས་སུ་འཁོར་ནས་དོན་ངན་པ་ཐམས་ཅད་བསྒྲུབས་པས། ཁོ་ཚོར་ངའི་གདོང་མི་སྟོན་ཐག་གིས་ཆོད་དོ། །
19 དེ་བས་ད་ནི་མགུར་འདི་བྲིས་ནས་ཡེས་ར་ཨེལ་པ་རྣམས་ལ་བསླབས་ཏེ་ཁོ་ཚོའི་ཁ་ལ་ཞོག་ཅིག མགུར་འདི་ངས་ཡེས་ར་ཨེལ་པ་རྣམས་ལ་རྒོལ་བའི་བདེན་དཔང་དུ་འགྱུར་ངེས། 20 ཅི་ལ་ཞེ་ན། ངས་ཁོ་རྣམས་ཀྱི་ཕ་མེས་ལ་མནའ་དང་བཅས་ཁས་བླངས་པ་ནང་བཞིན། ཁོ་རྣམས་འོ་མ་དང་སྦྲང་རྩི་བཞུར་བའི་ཡུལ་དུ་ཁྲིད་ཅིང་། ཁོ་རྣམས་དེར་འགྲངས་ནས་ཚོན་པོར་ཆགས་རྗེས། ལྷ་གཞན་དག་གི་རྗེས་སུ་འབྲངས་ནས་དེ་དག་ལ་བསྙེན་བཀུར་བྱེད་པ་དང་། ང་སྤངས་ཏེ་ངའི་ཁ་ཆད་དང་འགལ་བར་འགྱུར། 21 དེ་ནས་ཁོ་རྣམས་ལ་ཆག་སྒོ་དང་དཀའ་སྡུག་མང་པོ་འབྱུང་བའི་དུས་སུ། མགུར་འདིས་ཁོ་ཚོའི་མདུན་དུ་བདེན་དཔང་བྱེད་ངེས་ཏེ། ཅི་ལ་ཞེ་ན། མགུར་འདི་ནི་ཁོ་ཚོའི་བུ་རྒྱུད་རྣམས་ཀྱི་ཁ་ནས་བརྗེད་པར་མི་འགྱུར་རོ། །དོན་དམ་དུ་ངས་ད་དུང་ཁོ་རྣམས་ཁྲིད་དེ་ཁོ་ཚོར་མནའ་དང་བཅས་ཁས་བླངས་པའི་ཡུལ་དུ་མ་སླེབས་སྔོན་དུ། དེ་རིང་ཁོ་ཚོའི་བློ་ཁ་གཏད་ཕྱོགས་དེ་ངས་ཤེས་པའི་ཕྱིར་རོ་ཞེས་གསུངས། 22 དེ་ནས་མོ་ཤེ་ཡིས་ཉིན་དེར་མགུར་འདི་བྲིས་ཏེ་ཡེས་ར་ཨེལ་པ་རྣམས་ལ་བསླབས་པའོ། །
23 ཡང་ཡ་ཝཱེས་ནུན་གྱི་བུ་ཡོ་ཤུ་ཨ་ལ་བཀའ་གནང་སྟེ་འདི་སྐད་དུ། ཁྱོད་ལ་སྙིང་སྟོབས་དང་དཔའ་སེམས་ལྡན་པར་གྱུར་ཅིག ཅི་ལ་ཞེ་ན། ཁྱོད་ཀྱིས་ཡེས་ར་ཨེལ་པ་རྣམས་ཁྲིད་ནས་ངས་ཁོ་རྣམས་ལ་མནའ་དང་བཅས་ཁས་བླངས་པའི་ཡུལ་དེར་འགྲོ་དགོས་ཤིང་། ང་རང་ཁྱོད་དང་མཉམ་དུ་ཡོད་ཅེས་གསུངས་སོ། །
24 དེ་ཡང་མོ་ཤེ་ཡིས་བཀའ་ཁྲིམས་འདིའི་གསུང་རྣམས་གླེགས་བམ་ནང་བཀོད་ཚར་བ་ན། 25 མོ་ཤེ་ཡིས་དཀོན་མཆོག་ཡ་ཝཱེའི་ཞལ་ཆད་ཀྱི་ཤུར་སྒམ་འཁུར་བའི་ལེ་ཝི་པ་རྣམས་ལ་གདམས་དོན། 26 ཁྱོད་ཅག་གིས་བཀའ་ཁྲིམས་ཀྱི་གླེགས་བམ་འདི་ཁྱེར་ནས་ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེའི་ཞལ་ཆད་ཀྱི་ཤུར་སྒམ་འཁྲིས་སུ་ཞོག་ཅིག དེ་ནི་ཁྱོད་ཅག་ལ་རྒོལ་བའི་བདེན་དཔང་ཡིན། 27 ཅི་ལ་ཞེ་ན། ངས་ཁྱོད་རྣམས་ནི་གྱེན་ལོག་དང་གཉའ་རེངས་ཡིན་པ་ཤེས་སོ། །ལྟོས་དང་། ང་དེ་རིང་ཁྱོད་ཅག་དང་མཉམ་དུ་གསོན་པོར་ཡོད་དུས་ཁྱོད་ཅག་གིས་དཀོན་མཆོག་ཡ་ཝཱེ་ལ་ངོ་ལོག་བྱེད་པས། ང་ཤི་བའི་རྗེས་སུ་ལྟ་ཅི་སྨོས། 28 ཁྱོད་རྣམས་ཀྱིས་ཚོ་པ་ཁག་གི་རྒན་པོ་རྣམས་དང་འགོ་དཔོན་ཐམས་ཅད་ངའི་མདུན་དུ་སྡུས་ཤོག་དང་། ངས་དེ་དག་གི་རྣ་བར་གཏམ་འདི་དག་བཞག་ནས་གནམ་ས་གཉིས་དཔང་པོ་བྱེད་དུ་འབོད་དགོས། 29 ཅི་ལ་ཞེ་ན། ང་ཤི་བའི་རྗེས་སུ་ཁྱོད་རྣམས་ཡོངས་སུ་ཉམས་ཏེ། ངས་ཁྱོད་རྣམས་ལ་གདམས་པའི་ལམ་ནས་གཟུར་བ་དང་། དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ངན་པ་གང་ཡིན་སྤྱད་ནས་ཁྱོད་ཅག་གི་ལག་ནས་སྒྲུབ་པའི་ལས་ཀྱིས་ཁོང་གི་ཐུགས་ཁྲོ་སློང་ངེས་པས། མཐའ་མའི་ཉིན་མོ་དེ་དག་ཏུ་ཁྱོད་རྣམས་ལ་ཆག་སྒོ་འབྱུང་བའོ་ཞེས་གསུངས་སོ། །
30 དེ་ནས་མོ་ཤེ་ཡིས་ཡེས་ར་ཨེལ་གྱི་མི་ཚོགས་ཐམས་ཅད་ཀྱི་རྣ་བར་མགུར་འདིའི་བཀའ་རྣམས་ཆད་ལྷག་མེད་པར་གསུངས་སོ། །