ལེའུ་སོ་བཞི་པ།
མོ་ཤེ་ཚེ་ལས་འདས་པ།
དེ་ཡང་མོ་ཤེ་ཁོང་ཉིད་མོ་ཨབ་ཐང་ནས་རི་བོ་ནེ་བོ་སྟེ། ཡེ་རུ་ཀོའི་དྲང་ཐད་དུ་ཡོད་པའི་རི་བོ་ཕིས་གའི་རྩེ་མོར་འགོས་པ་དང་། དཀོན་མཆོག་ཡ་ཝཱེས་ཡུལ་ཐམས་ཅད་ཁོང་ལ་བསྟན་པ་སྟེ། གིལ་ཨད་ནས་དཱན་གྱི་བར་དང་། ནཱབ་ཐ་ལིའི་ཡུལ་ཐམས་ཅད་དང་། ཨེ་ཕཱར་ཡིམ་དང་མཱ་ན་ཤེའི་ཡུལ་དང་། ཡ་ཧུ་དཱའི་ཡུལ་ཐམས་ཅད་ནས་ནུབ་ཀྱི་རྒྱ་མཚོའི་བར་དང་། ནེ་གུབ་ཡུལ་དང་ཐང་སྟེ། ཏ་ལའི་ཤིང་གི་གྲོང་ཁྱེར་ཡེ་རུ་ཀོའི་གཤོངས་ས་ནས་ཚོ་ཨར་ཡུལ་གྱི་བར་དུ་བསྟན་ཞིང་། དཀོན་མཆོག་ཡ་ཝཱེས་ཁོང་ལ་འདི་སྐད་དུ། ཡུལ་དེ་ནི་བདག་གིས་ཨབ་ར་ཧམ་དང་ཨི་སཱག ཡ་ཀོབ་བཅས་ལ་ངས་ཁྱོད་ཀྱི་བུ་རྒྱུད་ལ་སྦྱིན་པར་བྱའོ་ཞེས་མནའ་དང་བཅས་ཁས་བླངས་པའི་ཡུལ་དེ་ཡིན། ད་ནི་ངས་ཁྱོད་ལ་དངོས་སུ་མཐོང་དུ་བཅུག་ནའང་ཁྱོད་དེར་འགྲོ་བར་མི་བྱའོ་ཞེས་གསུངས་སོ། ། དེ་ལྟར་དཀོན་མཆོག་ཡ་ཝཱེའི་ཞབས་ཕྱི་མོ་ཤེ་ནི་དཀོན་མཆོག་ཡ་ཝཱེའི་བཀའ་བཞིན་དུ་མོ་ཨབ་ཡུལ་ནས་ཚེ་ལས་འདས། དཀོན་མཆོག་ཡ་ཝཱེས་ཁོང་ཉིད་མོ་ཨབ་ཡུལ་གྱི་པེད་ཕེ་ཨོར་དྲང་ཐད་ཀྱི་ལུང་པ་རུ་དུར་ལ་བཅུག་ཀྱང་། དེ་རིང་ཉིན་མོའི་བར་དུ་ཁོང་གི་དུར་ས་ཤེས་མཁན་སུ་ཡང་མེད། ཡང་མོ་ཤེ་ཚེ་ལས་འདས་པའི་དུས་སུ་དགུང་ལོ་བརྒྱ་དང་ཉི་ཤུར་སོན་ནའང་། མིག་དབང་མ་ཉམས་པ་དང་ལུས་སྟོབས་ཀྱང་རྒུད་མེད། ཡེས་ར་ཨེལ་པ་རྣམས་ཉིན་སུམ་ཅུའི་རིང་ལ་མོ་ཨབ་ཐང་ནས་མོ་ཤེའི་དོན་དུ་བཤུམས་པ་དང་། དེ་ནས་མོ་ཤེའི་ཆེད་དུ་བཤུམས་ཤིང་མྱ་ངན་ཞུ་བའི་ཉིན་རྣམས་རྫོགས་པ་ཡིན་ནོ། །
དེ་ཡང་མོ་ཤེ་ཡིས་ནུན་གྱི་བུ་ཡོ་ཤུ་ཨའི་སྟེང་ལ་ཕྱག་བཞག་པས། ཁོང་ནི་ཤེས་རབ་ཀྱི་ཐུགས་ཉིད་ཀྱིས་ཁྱབ་པར་གྱུར་ཅིང་། ཡེས་ར་ཨེལ་པ་རྣམས་ཀྱིས་ཁོང་ལ་མཉན་ནས། དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་གནང་བའི་བཀའ་ནང་བཞིན་བསྒྲུབས་སོ། ། 10 དེའི་རྗེས་སུ་ཡེས་ར་ཨེལ་གྱི་ནང་དུ་མོ་ཤེ་འདྲ་བའི་ལུང་སྟོན་པ་ཞིག་བྱུང་མ་མྱོང་ལ། དཀོན་མཆོག་ཡ་ཝཱེ་ཁ་རི་ཁ་ཐུག་ཏུ་ཁོང་དང་ཕྲད་ཅིང་ཁོང་མཁྱེན་པ་དང་། 11 དཀོན་མཆོག་ཡ་ཝཱེས་ཁོང་ཨེ་ཅིབ་ཡུལ་དུ་མངགས་ཤིང་། ཕཱར་ཨོལ་དང་དེའི་འཁོར་གཡོག་ཐམས་ཅད་དང་། དེའི་ཡུལ་གྲུ་ཀུན་ཏུ་གྲུབ་རྟགས་དང་ངོ་མཚར་བའི་དོན་སྣ་ཚོགས་བསྟན་པ་དང་། 12 ཡང་མོ་ཤེ་ཡིས་ཡེས་ར་ཨེལ་པ་ཐམས་ཅད་ཀྱི་མཐོང་ལམ་དུ་ནུས་མཐུ་ཆེན་པོ་དང་འཇིགས་སུ་རུང་བའི་དོན་ཆེན་མཐའ་དག་མཛད་པའོ།། །།