ལེའུ་དྲུག་པ།
མོར་དོ་ཀཱ་ཨི་ལ་བསྔགས་བརྗོད་ཐོབ་པ།
མཚན་མོ་དེར་རྒྱལ་པོ་མནལ་མ་ཁུགས་པས་མི་གཞན་ལ་ལོ་རྒྱུས་ཀྱི་དེབ་ཐེར་འཁྱེར་འོང་བའི་བཀའ་གནང་བ་དང་། དེ་ལ་ཀློག་ཏུ་བཅུག་ནས་ཁོང་གིས་མཉན་ཏོ། ། སྟེས་དབང་གིས་དཔེ་ཆ་དེའི་ནང་དུ་རྒྱལ་པོའི་ཉུག་རུམ་པའི་ཁྲོད་དུ་པིག་ཐན་དང་ཐེ་རེ་སི་ཞེས་པའི་སྒོ་སྲུང་པ་གཉིས་ཡོད་ཅིང་། དེ་གཉིས་ཀྱིས་རྒྱལ་པོ་ཨ་ཧཱ་ཝེ་རོ་ལ་གནོད་བསྐྱལ་བསམས་ཀྱང་། མོར་དོ་ཀཱ་ཨི་ཡིས་དོན་དེ་སྨྲས་བྱུང་ཞེས་བྲིས་པ་དང་ཕྲད་པས། དེར་རྒྱལ་པོས་འདི་ལྟར། དོན་དེའི་ཕྱིར་མོར་དོ་ཀཱ་ཨི་ལ་མཚན་སྙན་གྲགས་དང་ཐོབ་གོ་ས་ཅི་ཞིག་གནང་བ་ཡིན་ཞེས་དྲིས་པ་ལ། ཞབས་ཕྱི་པ་རྣམས་ཀྱིས། དེ་ལ་ཅི་ཡང་མ་གནང་ངོ་ཞེས་ཞུས་སོ། ། ཡང་རྒྱལ་པོས། ཚོམས་ཆེན་ཕྱི་རུ་སུ་ཞིག་ཡོད་དམ་ཞེས་དྲིས་ཤིང་། ཏག་ཏག་སྐབས་དེར་ཧ་མཱན་ཚོམས་ཆེན་ཕྱི་རུ་སླེབས་ཏེ། རང་གིས་གྲ་སྒྲིག་བྱས་པའི་འཕྱར་ཤིང་གི་སྟེང་དུ་མོར་དོ་ཀཱ་ཨི་དཔྱང་བའི་ཕྱིར་རྒྱལ་པོར་ཞུ་བར་སྒུག་ཡོད་པ་ལ། གཞོན་ནུ་རྣམས་ཀྱིས། གཟིགས་དང་། ཧ་མཱན་ར་བའི་ནང་དུ་ལངས་འདུག་ཅེས་ཞུས་པས། རྒྱལ་པོས་ཁོ་རང་ནང་དུ་བོས་ཤོག་ཅེས་བཀའ་བསྒོས་སོ། ། དེ་ནས་ཧ་མཱན་ནང་དུ་འོངས་པ་དང་། རྒྱལ་པོས་འདི་ལྟར། རྒྱལ་པོ་དགའ་ཞིང་གོང་བཀུར་བྱེད་པའི་མི་ལ་ཅི་བྱེད་པར་རིགས་སམ་ཞེས་དྲིས་པ་ན། ཧ་མཱན་གྱི་སེམས་སུ། རྒྱལ་པོ་མཉེས་ཤིང་གོང་བཀུར་བྱེད་པ་ནི་ང་རང་ལས་གཞན་སུ་ཡོད་དམ་སྙམ་སྟེ། ཧ་མཱན་གྱིས་རྒྱལ་པོ་ལ། རྒྱལ་པོ་མཉེས་ཤིང་གོང་བཀུར་བྱེད་པའི་མི་དེ་ལ་ནི། རྒྱལ་པོས་མནབས་པའི་ན་བཟའ་དང་། རྒྱལ་པོ་འཆིབས་པའི་ཆིབས་ཆེན་དང་དེའི་པྲོག་ཞུ་དང་བཅས་པ་བཏོན་ཏེ། ན་བཟའ་དང་ཆིབས་ཆེན་ནི་དཔོན་རིགས་ཀུན་ལས་ཆེས་བཀུར་འོས་པ་དེ་ལ་གཏོད་པ་དང་། དེས་རྒྱལ་པོ་མཉེས་ཤིང་གོང་བཀུར་བྱེད་པའི་མི་ལ་ན་བཟའ་བསྐོན་ནས། ཆིབས་པར་བསྐྱོན་ཏེ། གྲོང་ཁྱེར་གྱི་ཁྲོམ་སྲང་ཡོངས་ལ་འཁྲིད་པ་དང་། སུ་ཞིག་ལ་རྒྱལ་པོ་མཉེས་ཤིང་གོང་བཀུར་བྱེད་ན། དེ་ལ་འདི་ལྟར་མཛད་དོ་ཞེས་མི་དེའི་མདུན་ནས་བསྒྲག་དགོས་ཞེས་ཞུས་སོ། །
10 དེ་ནས་རྒྱལ་པོས་ཧ་མཱན་ལ། ཁྱོད་ཀྱིས་སྨྲས་པའི་གཏམ་བཞིན་དུ། ན་བཟའ་ཁྱེར་ནས་ཆིབས་ཆེན་ཁྲིད་དེ་རྒྱལ་པོའི་མཁར་སྒོར་སྡོད་པའི་ཡ་ཧུ་དཱ་པ་མོར་དོ་ཀཱ་ཨི་ལ་མྱུར་དུ་སྒྲུབས་ཤིག ཁྱོད་ཀྱིས་སྨྲས་པའི་ཚིག་ཀུན་ལས་ཆད་ལུས་གཅིག་ཀྱང་ཡོད་མི་ཆོག་ཅེས་གསུངས་པས། 11 ཧ་མཱན་གྱིས་ན་བཟའ་ཁྱེར་ནས་ཆིབས་ཆེན་ཁྲིད་འོངས་ཏེ། མོར་དོ་ཀཱ་ཨི་ལ་བསྐོན་ཞིང་ཆིབས་པར་བསྐྱོན་པ་དང་གྲོང་ཁྱེར་གྱི་ཐང་ཆེན་བརྒྱུད་ནས། རྒྱལ་པོ་མཉེས་ཤིང་གོང་བཀུར་བྱེད་པའི་མི་ལ་འདི་ལྟར་མཛད་དོ་ཞེས་མོར་དོ་ཀཱ་ཨི་ཡི་མདུན་དུ་བསྒྲགས་སོ། ། 12 ཡང་མོར་དོ་ཀཱ་ཨི་སྔར་བཞིན་རྒྱལ་པོའི་མཁར་སྒོར་ཕྱིར་འོངས་པ་དང་། ཧ་མཱན་ནི་མྱ་ངན་དང་བཅས་མགོ་བཏུམས་ཏེ་མགྱོགས་པོར་རང་ཁྱིམ་དུ་ལོག 13 དེར་ཧ་མཱན་གྱིས་རང་གི་ཆུང་མ་ཙེ་རེ་ཟི་དང་གྲོགས་པོ་ཐམས་ཅད་ལ། རང་གི་མགོར་ཅི་ཡོང་བ་ཐམས་ཅད་བཤད་པ་དང་། ཁོའི་གྲོགས་པོའི་ཁྲོད་ཀྱི་ཤེས་རབ་ཅན་དག་དང་ཆུང་མ་ཙེ་རེ་ཟི་ཡིས། ཁྱོད་རང་མོར་དོ་ཀཱ་ཨིའི་མདུན་ནས་ཉམས་བཞིན་འདུག ཁོ་རང་ཡ་ཧུ་དཱ་པའི་རྒྱུད་ནས་ཆད་པ་ཡིན་ན་ཁྱོད་རང་ཁོའི་འགྲན་ཡར་མི་འོང་། དེའི་མདུན་དུ་ཁྱོད་རང་ཉམས་ངེས་ཡིན་ཞེས་སྨྲས་སོ། །
14 དེ་དག་གི་གཏམ་མཇུག་མ་རྫོགས་པར་རྒྱལ་པོའི་ཉུག་རུམ་པ་རྣམས་སླེབས་ནས། ཧ་མཱན་མྱུར་དུ་ཨེས་སི་ཐེར་གྱིས་བཤམས་པའི་གསོལ་སྟོན་ལ་ཞུགས་པར་བསྐུལ་ཏོ། །