ལེའུ་བདུན་པ།
མོ་ཤེའི་ཚབ་ཏུ་ཨ་རོན་གྱིས་གཏམ་སྨྲ་བར་ཐུགས་ཐག་བཅད་པ།
1 དེ་ནས་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། ལྟོས་དང་། ངས་ཕཱར་ཨོལ་གྱི་མདུན་དུ་ཁྱོད་རང་དཀོན་མཆོག་ལྟ་བུར་བྱས་པ་དང་། ཡང་ཁྱོད་ཀྱི་སྤུན་ཨ་རོན་ནི་ཁྱོད་ཀྱི་ལུང་སྟོན་པ་ཡིན་པར་འགྱུར། 2 ངས་ཁྱོད་ལ་བཀའ་ཅི་གནང་བ་ཐམས་ཅད་ཁྱོད་ཀྱིས་སྨྲ་དགོས་པ་དང་། ཁྱོད་ཀྱི་སྤུན་ཨ་རོན་གྱིས་ཕཱར་ཨོལ་ལ། ཡེས་ར་ཨེལ་པ་རྣམས་ཁོའི་ཡུལ་ནས་འགྲོ་རུ་འཇུག་པའི་གཏམ་དེ་སྨྲ་དགོས། 3 ངས་ཕཱར་ཨོལ་གྱི་སེམས་གྱོང་པོར་བྱེད་པ་དང་། ཨེ་ཅིབ་ཡུལ་ནས་ང་ཡི་གྲུབ་རྟགས་དང་དོན་ངོ་མཚར་ཅན་མང་པོའང་སྟོན་པར་བྱ། 4 འོན་ཀྱང་ཕཱར་ཨོལ་གྱིས་ཁྱོད་ཅག་ལ་མི་མཉན་ཞིང་། བདག་གིས་ལག་པ་བརྐྱངས་ནས་ཨེ་ཅིབ་ཡུལ་ལ་ཉེས་ཆད་དྲག་པོ་གཅོད་ཅིང་། བདག་གི་མི་ཚོགས་སྟེ་ང་ཡི་འབངས་མི་ཡེས་ར་ཨེལ་པ་རྣམས་ཨེ་ཅིབ་ཡུལ་ནས་ཕྱིར་འཁྲིད་པར་བྱའོ། ། 5 དེ་ནས་ངས་ལག་པ་བརྐྱངས་ནས་ཨེ་ཅིབ་ཡུལ་ལ་རྒོལ་ཞིང་། ཡེས་ར་ཨེལ་པ་རྣམས་དེ་དག་གི་ཁྲོད་ནས་ཕྱིར་འཁྲིད་པའི་དུས་སུ། ཨེ་ཅིབ་པ་རྣམས་ཀྱིས་བདག་ནི་ཡ་ཝཱེ་ཡིན་པ་ཤེས་པར་འགྱུར་ཞེས་གསུངས་པས། 6 མོ་ཤེ་དང་ཨ་རོན་གཉིས་ཀྱིས་དེ་ལྟར་བྱས་ཤིང་། དཀོན་མཆོག་ཡ་ཝཱེས་བཀའ་ཇི་ལྟར་བསྩལ་པ་བཞིན་དུ་བྱས་པ་དང་། 7 ཁོ་གཉིས་ཀྱིས་ཕཱར་ཨོལ་ལ་གཏམ་སྨྲ་བའི་དུས་སུ་མོ་ཤེ་ལོ་བརྒྱད་ཅུ་དང་། ཨ་རོན་ལོ་བརྒྱད་ཅུ་གྱ་གསུམ་ཡིན་ནོ། །
ཨ་རོན་གྱི་འཁར་བ་སྦྲུལ་དུ་གྱུར་པ།
8 ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་དང་ཨ་རོན་གཉིས་ལ་འདི་སྐད་དུ། 9 ཕཱར་ཨོལ་གྱིས་ཁྱོད་ཅག་ལ་དོན་ངོ་མཚར་ཅན་ཞིག་སྟོན་པར་གྱིས་ཞེས་སྨྲ་བའི་ཚེ། ཁྱོད་ཀྱིས་ཨ་རོན་ལ། རང་གི་འཁར་བ་ཕཱར་ཨོལ་གྱི་མདུན་དུ་གཡུགས་ཤིག དེ་སྦྲུལ་དུ་འགྱུར་བ་ཡིན་སྨྲོས་ཤིག་ཅེས་གསུངས། 10 དེ་ནས་མོ་ཤེ་དང་ཨ་རོན་གཉིས་ཕཱར་ཨོལ་གྱི་མདུན་དུ་སོང་ནས། དཀོན་མཆོག་ཡ་ཝཱེས་བཀའ་ཇི་ལྟར་གནང་བ་བཞིན་དུ་བྱས་ཏེ། ཨ་རོན་གྱིས་ཕཱར་ཨོལ་འཁོར་དང་བཅས་པའི་མདུན་དུ་འཁར་བ་གཡུགས་པ་ལ་དེ་སྦྲུལ་དུ་གྱུར་པ་དང་། 11 ཕཱར་ཨོལ་གྱིས་མཁས་པ་དང་སྒྱུ་མ་མཁན་དག་བོས་འོངས་ཤིང་། དེ་རྣམས་ནི་ཨེ་ཅིབ་ཡུལ་གྱི་རྫུ་འཕྲུལ་སྟོན་མཁན་ཡིན་ལ། ཁོ་རྣམས་ཀྱིས་ཀྱང་རྫུ་འཕྲུལ་ལ་བརྟེན་ནས་དེ་བཞིན་བྱས་པ་སྟེ། 12 དེ་དག་གིས་རང་རང་གི་འཁར་བ་སར་འཕངས་པ་དང་དེ་སྦྲུལ་དུ་གྱུར་མོད། འོན་ཀྱང་ཨ་རོན་གྱི་འཁར་བས་དེ་དག་གི་འཁར་བ་རྣམས་ཁྱུར་མིད་བཏང་། 13 ཕཱར་ཨོལ་གྱི་སེམས་གྱོང་པོར་གྱུར་ཏེ། དཀོན་མཆོག་ཡ་ཝཱེས་གསུངས་པ་བཞིན་དུ་ཁོས་མོ་ཤེ་དང་ཨ་རོན་གཉིས་ལ་མ་མཉན་ཏོ། །
གཙང་པོ་ཁྲག་ལ་འགྱུར་བའི་ཆག་སྒོ།
14 དེ་ནས་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། ཕཱར་ཨོལ་གྱི་སེམས་ཨུ་ཚུགས་ཆེ་ཞིང་མི་རྣམས་འགྲོ་རུ་མི་འཇུག 15 སང་ཉིན་ཞོགས་པར་ཕཱར་ཨོལ་གྱི་མདུན་དུ་སོང་ཞིག ལྟོས་དང་། ཁོ་རང་ཕྱི་རུ་འོངས་ནས་ཆུ་ཁར་འགྲོ་བའི་དུས་སུ། ཁྱོད་རང་ནཱ་ཡོལ་གཙང་པོའི་འགྲམ་དུ་ལངས་བསྡད་ནས་ཁོ་བསུ་དགོས་ཤིང་། སྦྲུལ་དུ་གྱུར་མྱོང་བའི་འཁར་བ་དེ་ལག་ཏུ་ཟུངས་ཤིག 16 དེ་ནས་ཁོ་ལ་འདི་ལྟར་ཤོད་དང་། ཨིབ་རི་པའི་དཀོན་མཆོག་ཡ་ཝཱེས་ང་རང་ཁྱོད་ཀྱི་མདུན་དུ་མངགས་ནས་འདི་སྐད་དུ། བདག་ལ་བསྙེན་བཀུར་བྱེད་པའི་ཆེད་དུ་བདག་གི་འབངས་མི་དབེན་སྟོང་དུ་འགྲོ་རུ་ཆུག་ཅེས་གསུངས་ནའང་། ལྟོས་དང་། ཁྱོད་ཀྱིས་ད་ལྟའི་བར་དུ་མ་མཉན་ཏོ། ། 17 ཡང་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ལྟོས་དང་། བདག་གིས་རང་གི་ལག་ཏུ་ཡོད་པའི་འཁར་བས་ནཱ་ཡོལ་གཙང་པོའི་ཆུ་ལ་བརྡེག་ཅིང་ཆུ་ནི་ཁྲག་ཏུ་འགྱུར་བ་དང་། དེར་བརྟེན་ནས་ཁྱོད་ཀྱིས་བདག་ནི་ཡ་ཝཱེ་ཡིན་པ་རྟོགས་ངེས། 18 ནཱ་ཡོལ་གཙང་པོའི་ཉ་རྣམས་ཤི་ནས་གཙང་པོ་ལའང་དྲི་ངན་བྲོ་བར་འགྱུར་ལ། ཨེ་ཅིབ་པ་རྣམས་དེའི་ཆུ་འཐུང་བར་ཞེན་པ་ལོག་ཡོང་ཞེས་སྨྲ་དགོས་པར་བཀའ་གནང་ངོ་། ། 19 ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། ཁྱོད་ཀྱིས་ཨ་རོན་ལ་འདི་ལྟར་ཤོད་དང་། ཁྱོད་ཀྱིས་རང་གི་འཁར་བ་ལོངས་ལ་ལག་པ་ཨེ་ཅིབ་ཡུལ་གྱི་ཆུ་རྣམས་ཏེ་གཙང་པོ་དང་། གྲོག་ཆུ་དང་། རྫིང་བུ་དང་། ཆུ་འགག་ཐམས་ཅད་བཅས་ཁྲག་ཏུ་འགྱུར་བའི་ཕྱིར་ཆུ་དེ་རྣམས་ཀྱི་ཕྱོགས་སུ་རྐྱོངས་ཤིག དེ་ནས་ཨེ་ཅིབ་ཡུལ་ཀུན་ཏུ་ཁྲག་ཡོད་པར་འགྱུར་ཞིང་། ཐ་ན་ཤིང་གི་ཡོ་བྱད་དང་། རྡོ་ཡི་ཡོ་བྱད་དུའང་ཁྲག་ཡོད་པར་འགྱུར་ངེས་ཞེས་བཤད་དགོས་པར་གསུངས་སོ། །
20 དེ་ནས་མོ་ཤེ་དང་ཨ་རོན་གཉིས་ཀྱིས་དཀོན་མཆོག་ཡ་ཝཱེའི་བཀའ་བཞིན་དུ་བསྒྲུབས་པ་སྟེ། ཨ་རོན་གྱིས་ཕཱར་ཨོལ་འཁོར་དང་བཅས་པའི་མདུན་དུ་འཁར་བ་ཡར་བཀྱགས་ནས་ནཱ་ཡོལ་གཙང་པོའི་ཆུ་ལ་བརྡེགས་པ་དང་། གཙང་པོའི་ཆུ་ཡོངས་རྫོགས་ཁྲག་ཏུ་གྱུར་ཅིང་། 21 ནཱ་ཡོལ་གཙང་པོའི་ཉ་རྣམས་ཤི་བ་དང་། གཙང་པོར་ཡང་དྲི་ངན་བྲོ་བས། ཨེ་ཅིབ་པས་གཙང་པོ་དེའི་ཆུ་འཐུང་མ་ཕོད་ལ། ཨེ་ཅིབ་ཡུལ་ཐམས་ཅད་ལ་ཁྲག་གིས་གང་བའོ། ། 22 དེ་ནས་ཨེ་ཅིབ་ཡུལ་གྱི་སྒྱུ་མ་མཁན་རྣམས་ཀྱིས་ཀྱང་རྫུ་འཕྲུལ་ལ་བརྟེན་ནས་དེ་བཞིན་བྱས་པ་དང་། ཕཱར་ཨོལ་གྱི་སེམས་གྱོང་པོར་གྱུར་ཏེ། དཀོན་མཆོག་ཡ་ཝཱེས་གསུངས་པ་བཞིན་དུ་ཁོས་མོ་ཤེ་དང་ཨ་རོན་གཉིས་ལ་མ་མཉན་པའི་ཁར། 23 ཁོ་རང་ཁ་ཕྱིར་འཁོར་ཏེ་ཕོ་བྲང་དུ་ལོག་ཅིང་། དོན་དེར་དོ་སྣང་ཙམ་ཡང་མ་བྱས་པ་དང་། 24 ཨེ་ཅིབ་པ་ཐམས་ཅད་ཀྱིས་གཙང་པོ་དེའི་ཆུ་འཐུང་མི་ཕོད་པས། འཐུང་ཆུ་འཐོབ་པའི་ཕྱིར་ནཱ་ཡོལ་གཙང་པོའི་འགྲམ་གཉིས་སུ་ས་བརྐོས་ཤིང་། 25 དཀོན་མཆོག་ཡ་ཝཱེས་ནཱ་ཡོལ་གཙང་པོར་བརྡེགས་ནས་ཉིན་བདུན་རྫོགས་སོ། །