ལེའུ་བཅུ་གཅིག་པ།
སྐྱེས་འགོ་རྣམས་གསོད་པའི་ཆག་སྒོ།
1 དེ་ནས་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། བདག་གིས་ད་དུང་ཆག་སྒོ་ཞིག་ཕཱར་ཨོལ་དང་ཨེ་ཅིབ་ཡུལ་དུ་འབྱུང་བར་བྱ། དེའི་རྗེས་སུ་ཁོས་ཁྱོད་རྣམས་ཡུལ་འདི་ནས་འགྲོ་རུ་འཇུག་པར་མ་ཟད། ཁོས་ཁྱོད་རྣམས་འགྲོ་རུ་འཇུག་པའི་དུས་སུ་ཁྱོད་ཅག་ཡོངས་རྫོགས་སྐྲོད་ངེས་ཤིང་། 2 མི་རྣམས་ཀྱི་རྣ་ལམ་དུ། སྐྱེས་ཕོ་མོ་རེ་རེས་རང་རང་གི་ཁྱིམ་མཚེས་ལ་གསེར་དངུལ་གྱི་ཡོ་བྱད་རྣམས་སློང་དགོས་པའི་གཏམ་འཇོག་པར་གྱིས་ཞེས་གསུངས་པ་དང་། 3 དཀོན་མཆོག་ཡ་ཝཱེས་ཨེ་ཅིབ་པའི་མིག་མདུན་དུ་མི་རྣམས་ལ་ཐུགས་རྗེ་ཐོབ་པར་མཛད་ཅིང་། ཡང་མོ་ཤེ་ནི་ཨེ་ཅིབ་ཡུལ་དང་། ཕཱར་ཨོལ་གྱི་འཁོར་གཡོག་རྣམས་དང་འབངས་མི་དག་གི་མིག་མདུན་དུ་ཤིན་ཏུ་ཆེན་པོ་ཡོད་པ་ཡིན་ནོ། །
4 ཡང་མོ་ཤེ་ན་རེ། དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ནམ་ཕྱེད་ཙམ་ལ་ང་རང་ཨེ་ཅིབ་ཡུལ་ཀུན་ཏུ་རྒྱུ་ཞིང་། 5 ཨེ་ཅིབ་ཡུལ་དུ་སྐྱེས་འགོ་ཐམས་ཅད་དེ་ཁྲི་ལ་བཞུགས་པའི་ཕཱར་ཨོལ་ནས་རང་འཐག་ལ་ཡོད་པའི་བྲན་མོའི་བར་དུ་སྐྱེས་འགོ་ཡོད་དོ་ཅོག་དང་། ཕྱུགས་ཕྲུག་འགོ་མ་ཐམས་ཅད་འཆི་ངེས་ཡིན་ལ། 6 ཨེ་ཅིབ་ཡུལ་ཐམས་ཅད་དུ་ངུ་འབོད་ཆེན་པོ་འབྱུང་སྟེ། སྔར་དེ་འདྲ་བྱུང་མ་མྱོང་ལ། ཕྱིས་སུའང་འབྱུང་མི་སྲིད། 7 འོན་ཀྱང་ཡེས་ར་ཨེལ་པ་རྣམས་ཀྱི་ཁྲོད་དུ་མི་ཕྱུགས་གང་ཡིན་ཡང་། ཐ་ན་ཁྱི་ཡིས་ཀྱང་དེ་རྣམས་ལ་ཟུག་མི་ཕོད་ཅེས་གསུངས། དེ་ནི་དཀོན་མཆོག་ཡ་ཝཱེས་ཨེ་ཅིབ་པ་དང་ཡེས་ར་ཨེལ་པ་རྣམས་སོ་སོར་བཀར་བ་ཁྱོད་ཅག་གིས་ཤེས་པའི་ཕྱིར་ཡིན་ལ། 8 ཁྱོད་ཀྱི་འཁོར་གཡོག་འདི་རྣམས་ཐམས་ཅད་བདག་གི་མདུན་དུ་འོངས་ནས་གུས་འདུད་བྱེད་ཅིང་འདི་ལྟར། ཁྱོད་དང་ཁྱོད་ཀྱི་རྗེས་སུ་འབྲངས་པའི་མི་ཐམས་ཅད་འདི་ནས་སོང་ཞིག་ཅེས་སྨྲ་བར་འགྱུར་ཞིང་། དེའི་རྗེས་སུ་ང་རང་འགྲོ་བར་འགྱུར་ཞེས་སྨྲས་པ་དང་། མོ་ཤེ་ཁོང་ཁྲོ་ཆེན་པོ་དང་བཅས་ཕཱར་ཨོལ་དང་བྲལ་ནས་སོང་ངོ་། །
9 དེ་ནས་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། ངས་ཨེ་ཅིབ་ཡུལ་དུ་སྒྲུབ་པའི་དོན་ངོ་མཚར་ཅན་ཇེ་མང་དུ་འཕེལ་བའི་ཕྱིར། ཕཱར་ཨོལ་གྱིས་ཁྱོད་ཀྱི་བཀའ་ལ་མཉན་པར་མི་འགྱུར་ཞེས་གསུངས། 10 མོ་ཤེ་དང་ཨ་རོན་གཉིས་ཀྱིས་ཕཱར་ཨོལ་གྱི་མདུན་དུ་དོན་ངོ་མཚར་ཅན་དེ་ཐམས་ཅད་བསྟན་ནའང་། དཀོན་མཆོག་ཡ་ཝཱེས་ཕཱར་ཨོལ་གྱི་སེམས་གྱོང་པོར་མཛད་དེ། ཁོས་ཡེས་ར་ཨེལ་པ་རྣམས་རང་གི་ཡུལ་ནས་འགྲོ་རུ་མ་བཅུག་གོ །