ལེའུ་ཉེར་དགུ་པ།
མཆོད་དཔོན་རྣམས་དམ་པར་བྱེད་པའི་སྐོར།
ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། ཁྱོད་ཀྱིས་ཨ་རོན་དང་ཁོའི་བུ་རྣམས་དམ་པར་འགྱུར་བ་དང་བདག་ལ་མཆོད་དཔོན་གྱི་ཞབས་ཕྱི་བྱེད་པའི་ཕྱིར་འདི་ལྟར་གྱིས་ཤིག གླང་ཐུག་ཁ་ཆུང་ཞིག་དང་། ལུག་ཐུག་བཙོག་སྐྱོན་མེད་པ་གཉིས་འདེམས་དང་། སྐྱུར་མེད་བག་ལེབ་དང་སྐྱུར་མེད་བག་ལེབ་ལ་འཚིར་སྣུམ་བསྲེས་པ་ཅན་དང་སྐྱུར་མེད་བག་ལེབ་ལ་འཚིར་སྣུམ་གྱིས་བྱུགས་པ་ཅན་བཅས་གྲོ་ཞིབ་ལྡེ་གུ་ཡིས་བཟོ་བར་བྱའོ། ། དེ་དག་གཟེབ་ཀྱི་ནང་དུ་བཞག་སྟེ་ཁྱེར་འོང་བ་དང་གླང་ཐུག་དང་ལུག་ཐུག་གཉིས་ཀྱང་དེད་ནས་འོང་དགོས་པ་སྟེ། ཨ་རོན་དང་ཁོའི་བུ་རྣམས་མཇལ་འཕྲད་གུར་མཆོག་གི་སྒོ་འགྲམ་དུ་ཁྲིད་དེ་ཆུས་བཀྲུ་བ་དང་། དེ་ནས་ཨ་རོན་ལ་ནང་གོས་དང་གོས་རིང་དང་བེར་ཐུལ་དང་བྲང་རྒྱན་བཅས་གྱོན་དུ་འཇུག་པ་དང་བེར་ཐུལ་གྱི་སྐེད་ཆིངས་མཆོར་པོ་ཅན་གྱིས་བསྡམ་དགོས་ལ། དེའི་མགོར་ལ་ཐོད་བསྐོན་ཏེ་ལ་ཐོད་ལ་ཅོད་པན་དམ་པ་སྦྱོར་ཅིག དེ་ནས་ཁོའི་མགོ་ལ་འབྱུག་སྣུམ་བླུགས་ནས་བྱུགས་ཤིག ཡང་ཁོའི་བུ་རྣམས་ཁྲིད་ཡོང་ནས་ནང་གོས་བསྐོན་པ་དང་། ཨ་རོན་དང་ཁོའི་བུ་རྣམས་ལ་སྐེད་ཆིངས་བཅིངས་ནས་པྲོག་ཞུ་དཀྲི་དགོས་ཤིང་། དེ་ལྟར་ཁོ་རྣམས་ལ་མཆོད་དཔོན་གྱི་གོ་གནས་ཐོབ་པ་ནི་གཏན་དུ་གནས་པའི་སྒྲིག་ཁྲིམས་ཤིག་ཡིན། ཁྱོད་ཀྱིས་དེ་ལྟར་ཨ་རོན་དང་ཁོའི་བུ་རྣམས་བསྐོ་དགོས་སོ། །
10 ཁྱོད་ཀྱིས་གླང་ཐུག་མཇལ་འཕྲད་གུར་མཆོག་གི་མདུན་སར་འཁྲིད་དགོས་ལ། ཨ་རོན་དང་ཁོའི་བུ་རྣམས་ཀྱིས་སོ་སོའི་ལག་པ་གླང་ཐུག་གི་མགོ་ལ་འཇོག་དགོས། 11 ཡང་དཀོན་མཆོག་ཡ་ཝཱེའི་སྤྱན་སྔ་རུ། མཇལ་འཕྲད་གུར་མཆོག་གི་སྒོ་ཁ་རུ་གླང་ཐུག་ཤོས་ཤིག 12 ཡང་གླང་ཐུག་གི་ཁྲག་ཉུང་ཙམ་བླངས་ནས་ལག་མཛུབ་ཀྱིས་མཆོད་ཁྲིའི་རུ་ཐུར་བཞི་ལ་བསྐུ་དགོས་པ་དང་། དེ་ནས་ཁྲག་ཡོངས་རྫོགས་མཆོད་ཁྲིའི་འགབ་འོག་ཏུ་བླུགས་ཤིག 13 དེ་ནས་ནང་ཁྲོལ་བཏུམས་པའི་ཚིལ་ཐམས་ཅད་དང་མཆིན་པའི་ཐོག་གི་རྩ་རྒྱུས་དང་། མཁལ་མ་གཉིས་ཀ་དང་དེའི་སྟེང་གི་ཚིལ་བཅས་ལོངས་ལ་མཆོད་ཁྲིའི་ཁ་ནས་མེས་སྲེགས་ཤིག 14 ཡང་གླང་ཐུག་གི་ཤ་དང་པགས་པ་དང་ལྕི་བ་བཅས་ནི་སྒར་གྱི་ཕྱི་རོལ་ཏུ་མེས་བསྲེག་དགོས། ཅི་ཡིན་ཞེ་ན། དེ་ནི་སྡིག་བཤགས་མཆོད་པ་ཡིན་ནོ། །
15 ཡང་ལུག་ཐུག་ཅིག་ཁྱོད་ཀྱིས་ཁྲིད་ནས་ཨ་རོན་དང་དེའི་བུ་རྣམས་ཀྱིས་སོ་སོའི་ལག་པ་ལུག་ཐུག་གི་མགོ་ལ་འཇོག་དགོས། 16 ལུག་ཐུག་དེ་བཤས་ནས་དེའི་ཁྲག་ལོངས་ལ་མཆོད་ཁྲིའི་ཕྱོགས་བཞི་རུ་གཏོར་ཅིག 17 ཁྱོད་ཀྱིས་ལུག་ཐུག་གི་ལྷུ་ཚིགས་རེ་རེ་ཆོད་ལ། ནང་ཁྲོལ་དང་རྐང་ལག་དག་བཀྲུས་ནས་ལྷུ་རྣམས་མགོ་དང་མཉམ་དུ་ཞོག་ཅིག 18 ལུག་ཐུག་ཧྲིལ་པོ་མཆོད་ཁྲིའི་ཁར་སྦྱིན་སྲེག་ཏུ་ཕུལ་ཞིག དེ་ནི་དཀོན་མཆོག་ཡ་ཝཱེ་ལ་ཕུལ་བའི་སྦྱིན་སྲེག་དང་། དཀོན་མཆོག་ཡ་ཝཱེ་ལ་ཕུལ་བའི་དྲི་ཞིམ་གྱི་མེ་མཆོད་ཡིན་ནོ། །
19 དེ་ནས་ཁྱོད་ཀྱིས་ལུག་ཐུག་ཅིག་བཤས་ཏེ་ཁྲིད་འོངས་ནས། ཨ་རོན་དང་ཁོའི་བུ་རྣམས་ཀྱིས་སོ་སོའི་ལག་པ་དེའི་མགོར་འཇོག་དགོས་པ་དང་། 20 ལུག་ཐུག་དེ་བཤས་ནས། ཁྲག་ཉུང་ཙམ་བླངས་ཏེ་ཨ་རོན་གྱི་རྣ་ཤལ་གཡས་པ་དང་། དེའི་བུ་རྣམས་ཀྱི་རྣ་ཤལ་གཡས་པ་དང་། དེ་དག་གི་གཡས་ལག་གི་མཐེ་བོང་དང་། དེ་དག་གི་རྐང་པ་གཡས་པའི་མཐེབ་ཆེན་བཅས་ལ་བསྐུ་བར་བྱའོ། །ཡང་ཁྲག་དེ་མཆོད་ཁྲིའི་ཕྱོགས་བཞི་ལ་གཏོར་ཅིག 21 ཡང་མཆོད་ཁྲིའི་སྟེང་གི་ཁྲག་ཉུང་ཙམ་དང་འབྱུག་སྣུམ་ཕྲན་བུ་ཙམ་ལོངས་ལ་ཨ་རོན་དང་ཁོའི་གོས་དང་། ཁོ་དང་མཉམ་དུ་ཡོད་པའི་ཁོའི་བུ་རྣམས་དང་དེ་དག་གི་གོས་ཀྱི་སྟེང་ལ་གཏོར་ཅིག དེ་ནས་ཨ་རོན་དང་ཁོའི་གོས་དང་། ཁོའི་བུ་རྣམས་དང་དེ་དག་གི་གོས་དང་བཅས་པ་དམ་པར་འགྱུར་རོ། །
22 དེ་ནས་ལུག་ཐུག་གི་ཚིལ་ཏེ། རྔ་མ་ཚོན་པོ་དང་། ནང་ཁྲོལ་བཏུམས་པའི་ཚིལ་དང་མཆིན་པའི་ཐོག་གི་རྩ་རྒྱུས་དང་། མཁལ་མ་གཉིས་ཀ་དང་དེའི་སྟེང་གི་ཚིལ་དང་། བརླ་རྐང་གཡས་པ་བཅས་ཁྱོད་ཀྱིས་ལོངས་ཤིག དེ་ནི་བསྐོ་བར་བྱེད་པའི་ལུག་ཐུག་ཡིན་པའི་ཕྱིར་རོ། ། 23 ཡང་དཀོན་མཆོག་ཡ་ཝཱེའི་སྤྱན་སྔ་རུ་ཡོད་པའི་སྐྱུར་མེད་བག་ལེབ་འཇོག་བྱེད་ཀྱི་གཟེབ་ལས་བག་ལེབ་གཅིག་དང་སྣུམ་གོར་གཅིག་དང་། བག་ལེབ་སྲབ་བུ་གཅིག་བཅས་ལོངས་ལ། 24 རྫས་དེ་ཐམས་ཅད་ཨ་རོན་དང་ཁོའི་བུ་རྣམས་ཀྱི་ལག་ཏུ་བཞག་ནས་གཡོབ་མཆོད་དུ་བྱས་ཏེ་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ཕར་ཚུར་ལ་གཡོབ་བར་གྱིས། 25 ཡང་རྫས་དེ་དག་ཁོ་ཚོའི་ལག་ནས་ཕྱིར་བླངས་ཏེ་མཆོད་ཁྲིའི་ཁར་ཡོད་པའི་སྦྱིན་སྲེག་གི་སྟེང་དུ། དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་དྲི་ཞིམ་གྱི་སྦྱིན་སྲེག་ཏུ་ཕུལ་ཞིག དེ་ནི་དཀོན་མཆོག་ཡ་ཝཱེ་ལ་ཕུལ་བའི་མེ་མཆོད་ཡིན་ནོ། །
26 དེ་ནས་ཁྱོད་ཀྱིས་ཨ་རོན་མཆོད་དཔོན་དུ་བསྐོ་བར་བྱེད་པའི་ལུག་ཐུག་གི་བྲང་ཁོག་དེ་བླངས་ནས་གཡོབ་མཆོད་དུ་བྱས་ཏེ་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ཕར་ཚུར་གཡོབ་བར་གྱིས། དེ་ནི་ཁྱོད་རང་གི་སྐལ་བ་ཡིན། 27 ཨ་རོན་དང་ཁོའི་བུ་རྣམས་བསྐོ་བར་བྱེད་པའི་ལུག་ཐུག་གི་ཆ་ཤས་ཏེ། ཕར་ཚུར་གཡོབ་བར་བྱེད་པའི་གཡོབ་མཆོད་ཡིན་པའི་བྲང་ཁོག་དང་། འདེགས་པར་བྱེད་པའི་འདེགས་མཆོད་ཡིན་པའི་བརླ་རྐང་གཉིས་ནི་དམ་པར་བྱེད་དགོས་ལ། 28 དེ་གཉིས་ནི་རྟག་ཏུ་ཡེས་ར་ཨེལ་པ་རྣམས་ལས་འབུལ་དགོས་ཤིང་ཨ་རོན་དང་ཁོའི་བུ་རྣམས་ཀྱི་སྐལ་བ་ཡིན་ཏེ། ཅི་ཡིན་ཞེ་ན། དེ་ནི་འདེགས་མཆོད་ཡིན་པས་སོ། །ཡེས་ར་ཨེལ་པ་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེ་ལ་ཕུལ་བའི་ཞི་བདེའི་མཆོད་པ་ལས་ཨ་རོན་དང་ཁོའི་བུ་རྣམས་ལ་འདེགས་མཆོད་དུ་འབུལ་དགོས་ཏེ། དེ་ནི་དཀོན་མཆོག་ཡ་ཝཱེ་ལ་འབུལ་བའི་འདེགས་མཆོད་ཡིན་ནོ། །
29 ཡང་ཨ་རོན་གྱི་ན་བཟའ་དམ་པ་རྣམས་རང་གི་བུ་རྒྱུད་རྣམས་ལ་འཐོབ་དགོས་ཤིང་། དེ་དག་ལ་སྣུམ་གྱིས་བྱུགས་པ་དང་མཆོད་དཔོན་དུ་བསྐོ་བའི་དུས་སུ་ན་བཟའ་དེ་དག་གྱོན་དགོས་པ་ཡིན། 30 ཨ་རོན་གྱི་བུ་རྣམས་ལས་ཁོའི་ཚབ་ཏུ་མཆོད་དཔོན་བྱེད་པའི་བུ་དེ་ནི། མཇལ་འཕྲད་གུར་མཆོག་གི་ནང་དུ་སོང་སྟེ་གནས་དམ་པ་རུ་ཞབས་ཕྱི་བྱེད་པའི་དུས་སུ། ན་བཟའ་དེ་རྣམས་ཉིན་བདུན་གྱི་རིང་ལ་གྱོན་དགོས་སོ། །
31 ཡང་ཁྱོད་ཀྱིས་མཆོད་དཔོན་དུ་བསྐོ་བར་བྱེད་པའི་ལུག་ཐུག་ལོངས་ལ། དེའི་ཤ་ནི་གནས་མཆོག་ཅིག་ཏུ་བཙོ་དགོས་ཤིང་། 32 ཨ་རོན་དང་དེའི་བུ་རྣམས་ཀྱིས་ལུག་ཐུག་གི་ཤ་དང་གཟེབ་ནང་དུ་ཡོད་པའི་བག་ལེབ་ནི་མཇལ་འཕྲད་གུར་མཆོག་གི་ཕྱི་སྒོ་ཁ་རུ་བཟའ་དགོས། 33 མཆོད་དཔོན་དུ་བསྐོ་བར་བྱེད་པ་དང་དམ་པར་བྱེད་པའི་ཕྱིར་སྡིག་བཤགས་སུ་ཕུལ་བའི་རྫས་ནི་དམ་པ་ཡིན་པས། ཁོ་རྣམས་ཁོ་ན་ལས་མི་གཞན་སུ་ཞིག་གིས་ཀྱང་བཟའ་བར་མི་རུང་། 34 གལ་ཏེ་མཆོད་དཔོན་དུ་བསྐོ་བར་བྱེད་པའི་ཤ་དང་བག་ལེབ་ལས་སང་ཉིན་གྱི་བར་དུ་ལྷག་མ་ལུས་ན། ལྷག་མ་དེ་མེས་བསྲེག་དགོས་ཤིང་། དེ་དམ་པ་ཡིན་པས་བཟའ་བར་མི་རུང་ངོ་། །
35 བདག་གིས་ཁྱོད་ལ་ཅི་དང་ཅི་བསྒོས་པ་བཞིན་ཨ་རོན་དང་དེའི་བུ་རྣམས་ལ་བྱོས་ཤིག ཉིན་བདུན་གྱི་རིང་དུ་བསྐོ་བར་བྱའོ། ། 36 ཡང་སྡིག་པ་བཤག་པའི་ཕྱིར་ཁྱོད་ཀྱིས་ཉིན་རེ་བཞིན་གླང་ཐུག་ཅིག་སྡིག་བཤགས་མཆོད་པར་འབུལ་དགོས་ཤིང་། ཡང་མཆོད་ཁྲིའི་ཁར་སྡིག་བཤགས་ཕུལ་ནས་དེ་འདག་པར་བྱའོ། །ཡང་དམ་པར་བྱེད་པའི་ཕྱིར་དེ་ལ་འབྱུག་སྣུམ་གྱིས་བྱུགས་ཤིག 37 ཉིན་བདུན་གྱི་རིང་ལ་མཆོད་ཁྲི་དམ་པར་བྱེད་པའི་ཕྱིར་སྡིག་བཤགས་མཆོད་པ་འབུལ་དགོས་ལ། དེ་ལྟར་མཆོད་ཁྲི་ནི་ཐམས་ཅད་ལས་དམ་པ་ཡིན་དགོས་ཤིང་། སུ་དང་གང་གིས་མཆོད་ཁྲི་ལ་རེག་ན་དེ་དམ་པར་འགྱུར་བའོ། །
38 ཁྱོད་ཀྱིས་མཆོད་ཁྲི་ལ་ཉིན་རེ་བཞིན་དུས་རྒྱུན་དུ་འབུལ་བྱ་ནི་འདི་ལྟ་སྟེ། ལུ་གུ་ལོ་གཅིག་ཅན་གཉིས་འབུལ་དགོས་ཤིང་། 39 ལུ་གུ་གཅིག་ནངས་མོའི་དུས་སུ་འབུལ་དགོས་ལ། ལུ་གུ་ཅིག་ཤོས་ས་སྲོས་ཀྱི་དུས་སུ་འབུལ་དགོས། 40 ཕྱེ་བཟང་པོ་ཨེ་ཕཱ་གང་གི་བཅུ་ཆ་གཅིག་ལ་སྣུམ་བརྡུངས་མ་རྫ་བུམ་* འདིར་རྫ་བུམ་ཞེས་པར་མ་ཕྱི་ལས་ཡ་ཧུ་དཱའི་སྐད་དོད་དེ་ཧིན་ཞེས་མཐོང་ལ། སྣུམ་སོགས་གཤེར་གཟུགས་འཇལ་བྱེད་ཀྱི་ཡོ་བྱད་ཀྱི་མིང་སྟེ་ཧིན་གཅིག་ནི་སྤྱི་བྲེ་བཞི་ཙམ་ཡིན། གང་གི་བཞི་ཆ་གཅིག་བསྲེས་ནས། ད་དུང་སྐྱེམས་མཆོད་ཀྱི་ཕྱིར་རྒུན་ཆང་རྫ་བུམ་གང་གི་བཞི་ཆ་གཅིག་བཅས་ཁྱོད་ཀྱིས་ལུ་གུ་གཅིག་དང་མཉམ་དུ་མཆོད་པར་འབུལ་དགོས། 41 ཡང་ལུ་གུ་ཅིག་ཤོས་དེ་ས་སྲོས་ཀྱི་དུས་སུ་འབུལ་དགོས་ལ། ནངས་མོའི་དུས་ལྟར་འབྲུ་རིགས་ཀྱི་མཆོད་པ་དང་སྐྱེམས་མཆོད་ཀྱི་ལུགས་ཇི་མ་ཇི་བཞིན་གྱིས། དཀོན་མཆོག་ཡ་ཝཱེ་ལ་དྲི་ཞིམ་གྱི་མེ་མཆོད་དུ་འབུལ་དགོས་ཤིང་། 42 དེ་ནི་ཁྱོད་ཀྱི་བུ་རྒྱུད་རྣམས་ཀྱིས་རྒྱུན་མི་ཆད་པར། དཀོན་མཆོག་ཡ་ཝཱེའི་སྤྱན་སྔ་སྟེ། མཇལ་འཕྲད་གུར་མཆོག་གི་སྒོ་ཁ་རུ་སྦྱིན་སྲེག་འབུལ་དགོས་པ་དེའོ། །གནས་དེར་ངས་ཁྱོད་ལ་གཏམ་སྨྲ་བའི་ཕྱིར་གནས་དེ་རུ་ཁྱོད་རྣམས་དང་འཕྲད་པར་འགྱུར། 43 དེར་ང་རང་ཡེས་ར་ཨེལ་པ་རྣམས་དང་ཕྲད་དེ། མཇལ་འཕྲད་གུར་མཆོག་ང་ཡི་གཟི་བརྗིད་ཀྱིས་དམ་པར་འགྱུར་རོ། ། 44 ཡང་བདག་གིས་མཇལ་འཕྲད་གུར་མཆོག་དང་མཆོད་ཁྲི་དམ་པར་བྱའོ། །ཨ་རོན་དང་དེའི་བུ་རྣམས་ཀྱང་བདག་ལ་ཞབས་ཕྱི་བྱེད་པའི་མཆོད་དཔོན་དུ་དམ་པར་བྱའོ། ། 45 ཡང་ང་ནི་ཡེས་ར་ཨེལ་པ་རྣམས་ཀྱི་དཀྱིལ་དུ་གནས་ཤིང་། དེ་དག་གི་དཀོན་མཆོག་ཡིན་པར་འགྱུར། 46 ང་རང་དེ་དག་གི་དཀྱིལ་དུ་གནས་པའི་ཆེད་དུ། བདག་ནི་ཁོ་རྣམས་ཨེ་ཅིབ་ཡུལ་ནས་ཕྱི་རུ་ཁྲིད་མཁན་ཡིན་ཞིང་། ཁོ་རྣམས་ཀྱི་དཀོན་མཆོག་ཡ་ཝཱེ་ཡིན་པ་དེ་དག་གིས་ཤེས་པར་འགྱུར་ལ། བདག་ནི་ཁོ་རྣམས་ཀྱི་དཀོན་མཆོག་ཡ་ཝཱེ་ཡིན་ཞེས་གསུངས་སོ། །

*ལེའུ་ཉེར་དགུ་པ།:40 འདིར་རྫ་བུམ་ཞེས་པར་མ་ཕྱི་ལས་ཡ་ཧུ་དཱའི་སྐད་དོད་དེ་ཧིན་ཞེས་མཐོང་ལ། སྣུམ་སོགས་གཤེར་གཟུགས་འཇལ་བྱེད་ཀྱི་ཡོ་བྱད་ཀྱི་མིང་སྟེ་ཧིན་གཅིག་ནི་སྤྱི་བྲེ་བཞི་ཙམ་ཡིན།