ལེའུ་སོ་གཅིག་པ།
བཟོ་བོ་མཁས་པའི་སྐོར།
ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། ལྟོས་དང་། བདག་གིས་ཡ་ཧུ་དཱ་ཚོ་པ་ནས་ཧུ་རཱའི་བུ་ཨོའུ་རེལ་དེའི་བུ་པི་ཟིད་ཨེལ་གྱི་མིང་ནས་བོས་ཤིང་། ཡང་ངས་ཁོ་ལ་དཀོན་མཆོག་གི་ཐུགས་ཉིད་ཀྱིས་ཁྱབ་པར་བྱས་ཏེ། ཁོ་ལ་ཤེས་རབ་དང་སྤྱང་གྲུང་ལྡན་ཞིང་། བློ་རིག་མངའ་བ་དང་། ལག་རྩལ་སྣ་ཚོགས་བྱང་ཆུབ་པར་བྱས། དེ་ནི་ལག་རྩལ་ཅན་གྱི་ལས་རྣམས་ཇུས་འགོད་བྱེད་པའི་ཆེད་དུ་ཡིན་ལ། གསེར་དངུལ་ལི་གསུམ་གྱི་མགར་བྱེད་པ་དང་། རིན་པོ་ཆེ་དག་བརྐོ་གཏུབ་བྱེད་པ་དང་ཕྲ་རྒྱག་པ། ཤིང་བརྐོ་བ། ལག་རྩལ་སྣ་ཚོགས་ཀྱི་ལས་བྱེད་པའི་ཕྱིར་ཡིན། ཡང་ལྟོས་དང་། ངས་ཁོ་དང་ལྷན་དུ་དཱན་གྱི་ཚོ་པ་ནས་ཨ་ཧི་སཱ་མག་གི་བུ་ཨོ་ཧོ་ལི་ཨབ་བྱ་བ་ཁོའི་ལས་གྲོགས་སུ་བདམས་ཤིང་། ཁྱོད་ལ་སྨྲས་པ་མཐའ་དག་བཟོ་བའི་ཕྱིར། བདག་གིས་བཟོ་བོ་མཁས་པ་ཐམས་ཅད་ལའང་ཤེས་རབ་མངའ་བར་བྱས་ཏེ། མཇལ་འཕྲད་གུར་མཆོག་དང་། དཔང་མཛད་ཤུར་སྒམ་དང་། དེའི་སྟེང་དུ་ཡོད་པའི་ཐུགས་རྗེའི་བཞུགས་ཁྲི་དང་། གུར་མཆོག་གི་དངོས་པོ་ཐམས་ཅད་དང་། སྒྲོག་ཙེ་དང་དེའི་ཡོ་བྱད་རྣམས་དང་། གསེར་བཙོ་མའི་སྒྲོན་སྟེགས་དང་དེའི་ཡོ་བྱད་རྣམས་དང་། སྤོས་ཁྲི་དང་། སྦྱིན་སྲེག་གི་མཆོད་ཁྲི་དང་དེའི་ཡོ་བྱད་ཐམས་ཅད་དང་། ཁྲུས་གཞོང་དང་དེའི་སྟེགས་བུ་དང་། 10 ཐགས་ཞིབ་མོར་བཏགས་པའི་གོས་རྣམས་དང་། མཆོད་དཔོན་ཨ་རོན་གྱི་ན་བཟའ་དམ་པ་རྣམས་དང་ཁོའི་བུ་རྣམས་ཀྱིས་མཆོད་དཔོན་གྱི་ཞབས་ཕྱི་བྱེད་པའི་ན་བཟའ་རྣམས་དང་། 11 འབྱུག་སྣུམ་དང་དྲི་ཞིམ་བདུག་སྤོས་གནས་དམ་པའི་ཕྱིར་སྦྱར་བ་བཅས་ནི་ངས་ཁྱོད་ལ་ཅི་དང་ཅི་བསྒོས་པ་བཞིན་དུ་དེ་དག་གིས་བཟོ་དགོས་ཞེས་གསུངས་སོ། །
ངལ་གསོ་བའི་ཉིན་མོའི་སྐོར།
12 ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། 13 ཁྱོད་ཀྱིས་ཡེས་ར་ཨེལ་པ་རྣམས་ལ་འདི་ལྟར་སྨྲ་བར་གྱིས། བདག་གི་ངལ་གསོ་བའི་ཉིན་རྣམས་སྲུངས་ཤིག ཅི་ཡིན་ཞེ་ན། བདག་ནི་ཁྱོད་ཅག་དམ་པར་བྱེད་པའི་ཡ་ཝཱེ་ཡིན་པ་ཤེས་ཐུབ་པའི་ཕྱིར། ཉིན་དེ་ནི་ང་དང་ཁྱོད་ཅག་གི་མི་རབས་ནས་མི་རབས་བར་གྱི་རྟགས་ཤིག་ཡིན་ནོ། ། 14 ངལ་གསོ་བའི་ཉིན་མོ་ནི་ཁྱོད་ཅག་གི་ཕྱིར་དམ་པ་ཡིན་པས་སྲུངས་ཤིག ཁྲིམས་དེ་མི་རྩི་མཁན་ཐམས་ཅད་སྲོག་དང་འཕྲལ་བར་གྱིས། ཉིན་མོ་དེ་ལ་ལས་ཀ་བྱེད་མཁན་སུ་ཡིན་ཡང་རང་གི་མི་རྣམས་ལས་འཕུད་པར་བྱའོ། ། 15 ཉིན་དྲུག་གི་རིང་ལ་ལས་ཀ་བྱེད་ཅིང་ཉིན་བདུན་པ་ནི་ངལ་གསོ་ཡོངས་སུ་རྫོགས་པའི་ཉིན་མོ་ཡིན་ཏེ། དཀོན་མཆོག་ཡ་ཝཱེའི་ཕྱིར་ངལ་གསོ་བའི་ཉིན་དམ་པ་ཡིན། ངལ་གསོ་བའི་ཉིན་མོར་ལས་ཀ་བྱེད་མཁན་འཆི་དགོས་པ་ཡིན། 16 དེ་བས་ན་ཡེས་ར་ཨེལ་པ་རྣམས་ཀྱིས་ངལ་གསོ་བའི་ཉིན་བསྲུང་དགོས་ཤིང་། དེ་དག་གི་བུ་རྒྱུད་རྣམས་ཀྱིས་ཀྱང་དུས་གཏན་གྱི་ཁ་ཆད་འདི་འགྱུར་བ་མེད་པར་བསྲུང་དགོས། 17 དེ་ནི་ང་དང་ཡེས་ར་ཨེལ་པའི་བར་གྱི་གཏན་དུ་གནས་པའི་རྟགས་ཤིག་ཡིན། ཅིའི་ཕྱིར་ཞེ་ན། ཉིན་དྲུག་གི་རིང་ལ་དཀོན་མཆོག་ཡ་ཝཱེས་ནམ་མཁའ་དང་ས་གཞི་བཀོད་ཅིང་། ཉིན་བདུན་པར་ངལ་གསོ་མཛད་ནས་ཐུགས་དལ་བར་བཞུགས་པ་ཡིན་ཞེས་སྨྲ་དགོས་པར་གསུངས་སོ། ། 18 ཡང་ཁོང་གིས་སི་ནཱ་རི་བོར་མོ་ཤེ་ལ་གསུང་གླེང་མཛད་ཟིན་ཏེ། དཔང་པོའི་རྡོ་ལེབ་གཉིས་ཏེ་དཀོན་མཆོག་གི་ཕྱག་མཛུབ་ཀྱིས་ཡི་གེར་བཀོད་པ་ཁོ་ལ་གནང་ངོ་། །