ལེའུ་སོ་བཞི་པ།
རྡོ་ལེབ་གསར་པའི་སྐོར།
དེ་ནས་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། ཁྱོད་ཀྱིས་རང་ལ་སྔར་གྱི་རྡོ་ལེབ་དང་འདྲ་བ་གཉིས་བརྐོས་དང་། དེ་སྔོན་བཅག་པའི་རྡོ་ལེབ་སྟེང་གི་ཚིག་རྣམས་བདག་གིས་རྡོ་ལེབ་འདི་གཉིས་ལ་བརྐོ་བར་བྱ། སང་ཉིན་ཐོ་རངས་ཁྱོད་ཀྱིས་སྟ་གོན་བྱས་ཏེ་རི་བོ་སི་ནཱ་རུ་ཡར་ཡོང་སྟེ་རི་རྩེ་ནས་ངའི་དྲུང་དུ་འགྲེང་བར་གྱིས་ཤིག ཁྱོད་དང་མཉམ་དུ་མི་སུ་ཡང་ཡོང་མི་རུང་ལ། རི་དེ་ཡོངས་ལ་མི་སུ་ཡང་ཡོད་མི་རུང་ཞིང་། རི་དེའི་འདབས་སུ་ར་ལུག་གི་ཁྱུ་དང་བ་ཁྱུ་གང་ཡང་འཚོ་མི་རུང་ཞེས་གསུངས་པས། མོ་ཤེ་ཡིས་སྔར་གྱི་རྡོ་ལེབ་གཉིས་དང་འདྲ་བ་བཟོས་ནས་དཀོན་མཆོག་ཡ་ཝཱེས་བཀའ་བསྩལ་པ་བཞིན་དུ་ཐོ་རངས་ཡར་ལངས་ཏེ་རི་བོ་སི་ནཱ་རུ་འགོས་ཤིང་། ལག་ཏུ་རྡོ་ལེབ་གཉིས་ཁྱེར་ཏོ། །
དེར་དཀོན་མཆོག་ཡ་ཝཱེ་སྤྲིན་གྱི་ནང་ནས་མར་ཕེབས་ཤིང་། མོ་ཤེ་དང་ལྷན་དུ་འགྲེང་ནས་རང་གི་མཚན་ཡ་ཝཱེ་སྒྲོག་པར་མཛད། དཀོན་མཆོག་ཡ་ཝཱེ་དེའི་མདུན་ནས་ཕར་ཕེབས་པ་དང་འདི་སྐད་དུ། ཡ་ཝཱེ་སྟེ། དཀོན་མཆོག་ཡ་ཝཱེ་ནི་སྙིང་རྗེ་ཆེ་ཞིང་ཐུགས་རྗེ་ཅན་ཡིན་ལ། རང་དགར་ཐུགས་མི་ཁྲོ་ཞིང་བྱམས་བརྩེ་དང་བདེན་པ་ཉིད་རྫོགས་མཐའ་མེད་པ་ལགས་ཏེ། མི་ཁྲི་ཁྲི་འབུམ་འབུམ་ལ་ཐུགས་བརྩེ་བར་བྱེད་ཅིང་ཉེས་པ་དང་ནོར་འཁྲུལ་དང་སྡིག་པ་རྣམས་བསལ་ཞིང་། ཉེས་ཅན་རྣམས་རྩ་བ་ནས་ཉེས་མེད་དུ་མི་བརྩི་ཞིང་། ཕ་རྣམས་ཀྱི་ནག་ཉེས་ཕྱིར་བུ་དང་བུའི་བུ་རྣམས་ལ་མི་རབས་གསུམ་བཞིའི་བར་དུ་ཉེས་ཆད་གཅོད་པ་ལགས་ཞེས་བསྒྲགས་སོ། ། དེ་ནས་མོ་ཤེ་ཡིས་མྱུར་དུ་ལུས་སར་བཏུད་ནས་ཕྱག་བཙལ་ཏེ་ན་རེ། ཀྱེ་གཙོ་བོ་ལགས། ང་རང་ལ་ཁྱེད་ཀྱི་སྤྱན་སྔར་ཐུགས་རྗེ་ཐོབ་པ་ཡིན་ན། ཁྱེད་རང་ང་ཚོ་དང་ལྷན་དུ་འགྲོགས་ནས་ཕེབས་སུ་གསོལ། མི་དེ་རྣམས་གཉའ་རེངས་ཡིན་ཡང་། ངེད་ཅག་གི་ཉེས་པ་དང་སྡིག་པ་སེལ་བ་དང་། ངེད་རྣམས་ནི་ཁྱེད་ཀྱི་ནོར་སྐལ་དུ་དགོངས་པར་མཛོད་ཅེས་ཞུས་སོ། །
ཡང་བསྐྱར་ཞལ་ཆད་གནང་བ།
10 ཡང་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ལྟོས་དང་། བདག་གིས་ཞལ་ཆད་ཅིག་འཇོག་སྟེ། ཁྱོད་ཀྱི་མི་ཐམས་ཅད་ཀྱི་མཐོང་ལམ་དུ་ངས་དོན་ངོ་མཚར་དག་བྱེད་པར་འགྱུར་བ་ནི་ས་གཞི་ཀུན་དང་མི་རིགས་གང་ལའང་བྱས་མ་མྱོང་ཞིང་། ཁྱོད་ཀྱི་མཐའ་འཁོར་དུ་ཡོད་པའི་མི་ཐམས་ཅད་ཀྱིས་དཀོན་མཆོག་ཡ་ཝཱེའི་མཛད་པ་མཐོང་བར་འགྱུར་ལ། བདག་གིས་ཁྱོད་ལ་སྟོན་པར་འགྱུར་བའི་དོན་དེ་དག་དངོས་གནས་འཇིགས་སུ་རུང་བ་ཡིན། 11 ངས་དེ་རིང་གི་ཉིན་མོར་ཁྱོད་ཅག་ལ་བསྒོས་དང་སྒོ་བཞིན་པ་འདི་བསྲུང་དགོས་ཏེ། ལྟོས་དང་། བདག་གིས་ཁྱོད་ཅག་གི་མདུན་ནས་ཨེ་མོར་པ་དང་། ཀ་ན་ཨན་པ་དང་། ཧེད་པ་དང་། ཕེ་རེ་ཟི་པ་དང་། ཧེ་བི་པ་དང་། ཡེ་བུ་སི་པ་རྣམས་སྐྲོད་པར་འགྱུར། 12 ཁྱོད་ཅག་འགྲོ་བྱའི་ཡུལ་དེའི་མི་རྣམས་ནི་ཁྱོད་ཅག་གི་ཁྲོད་དུ་རྙི་རུ་འགྱུར་ཉེན་ཡོད་པས། དེ་དག་དང་ཁ་ཆད་འཇོག་པ་ལས་གཡོལ་བར་གྱིས་ཤིག 13 དེ་ལས་ལྡོག་སྟེ་ཁྱོད་ཅག་གིས་དེ་དག་གི་མཆོད་ཁྲི་རྣམས་བཤིག་པར་བྱའོ། །ཡང་དེ་ཚོའི་རྡོ་སྐུ་རྣམས་ཀྱང་རྩ་མེད་གཏོང་བར་གྱིས། ལྷ་མོ་ཨ་ཤེ་རཱའི་སྐུ་བརྙན་རྣམས་རྩ་བ་ནས་གཅོད་དགོས། 14 དཀོན་མཆོག་ཡ་ཝཱེ་ཁོང་གི་མཚན་ནི་ཕྲག་དོག་ཅན་ཡིན་ཏེ། ཐུགས་ཀྱང་ཕྲག་དོག་ཅན་ལགས་པས། ལྷ་རྣམས་ལ་ཕྱག་མ་འཚལ་ཞིག 15 དེ་ལྟར་མ་བྱས་ན། ཁྱོད་ཅག་གིས་གནས་དེའི་ཡུལ་མི་དང་ཁ་ཆད་འཇོག་ཉེན་ཡོད་དེ། མི་དེ་དག་གིས་རང་གི་ལྷ་རྣམས་ཀྱི་རྗེས་སུ་ལོག་གཡེམ་བྱེད་པ་དང་། རང་གི་ལྷ་རྣམས་ལ་དམར་མཆོད་འབུལ་བའི་སྐབས་སུ་ཁྱོད་ཅག་མགྲོན་དུ་འབོད་ཅིང་། ཁྱོད་ཅག་གིས་དེ་དག་གི་མཆོད་རྫས་བཟའ་བར་བྱེད་པ་དང་། 16 ཁྱོད་ཅག་གི་བུ་རྣམས་ལ་དེ་དག་གི་བུ་མོ་རྣམས་ལས་བག་མ་བླངས་ན། དེ་དག་གི་བུ་མོ་རྣམས་ཀྱིས་རང་གི་ལྷ་རྣམས་ཀྱི་རྗེས་སུ་ལོག་གཡེམ་བྱེད་ཅིང་ཁྱོད་ཅག་གི་བུ་རྣམས་ལའང་དེ་དག་གི་ལྷ་རྣམས་ཀྱི་རྗེས་སུ་ལོག་གཡེམ་བྱེད་དུ་འཇུག་སྲིད་པ་ཡིན་པས་གཟབ་གཟབ་གྱིས་ཤིག 17 ཁྱོད་ཅག་གིས་རང་གི་ཕྱིར་བླུགས་སྐུ་བཟོ་མི་རུང་ངོ་། །
18 ཡང་སྐྱུར་མེད་བག་ལེབ་ཀྱི་དུས་ཆེན་བསྲུང་དགོས་ཏེ། ཁྱོད་ཅག་ཨ་རྦིབ་ཟླ་བའི་ནང་དུ་ཨེ་ཅིབ་ཡུལ་ནས་ཕྱི་རུ་ཐོན་པའི་ཕྱིར་ཨ་རྦིབ་ཟླ་བའི་དུས་དེར་སླེབས་ཚེ། ངས་ཁྱོད་ཅག་ལ་བསྒོས་པའི་བཀའ་བཞིན་དུ་ཉིན་བདུན་གྱི་རིང་ལ་སྐྱུར་མེད་བག་ལེབ་བཟའ་དགོས། 19 ད་དུང་མངལ་ལས་བྱུང་བའི་སྐྱེས་འགོ་ཐམས་ཅད་བདག་གི་ཡིན། ཁྱོད་རྣམས་ཀྱི་ཕྱུགས་ཁྱུ་ཁྲོད་ཀྱི་བ་གླང་དང་ལུག་གང་ཡིན་ཡང་སྐྱེས་འགོ་ཕོ་ཡིན་པ་མཐའ་དག་བདག་གི་ཡིན། 20 བོང་བུའི་བོང་ཕྲུག་འགོ་མ་ནི་ལུ་གུ་ཞིག་གིས་བླུ་དགོས། ཅི་སྟེ་བླུ་བར་མ་བྱས་ན་དེའི་སྐེ་ཚིགས་རྫོག་པར་བྱའོ། །ཁྱོད་ཅག་གི་བུ་སྐྱེས་འགོ་ཐམས་ཅད་བླུ་དགོས་ལ། སུ་ཡིན་ཡང་ལག་པ་སྟོང་བར་ངའི་མདུན་དུ་ཡོང་མི་རུང་ངོ་། །
21 ཉིན་དྲུག་གི་རིང་དུ་ལས་ཀ་བྱོས་ལ་ཉིན་བདུན་པར་ངལ་གསོ་བར་གྱིས། སྟོན་ལས་དང་རྨོ་འདེབས་ཀྱི་སྐབས་སུའང་ངལ་གསོས་ཤིག 22 གྲོ་ཡི་ཐོག་ཕུད་བསྡུ་བའི་སྐབས་སུ་བདུན་ཕྲག་རྣམས་ཀྱི་དུས་ཆེན་བསྲུང་དགོས་ལ། ལོ་མཇུག་གི་བསྡུ་ཉར་དུས་ཆེན་ཡང་བསྲུང་དགོས། 23 ཁྱོད་ཅག་གི་སྐྱེས་པ་ཐམས་ཅད་ཀྱིས་གཙོ་བོ་ཡ་ཝཱེ་སྟེ་ཡེས་ར་ཨེལ་གྱི་དཀོན་མཆོག་ལོ་རེར་ཐེངས་གསུམ་ལ་མཇལ་དགོས། 24 བདག་གིས་ཁྱོད་ཅག་གི་མདུན་ནས་མི་རིགས་གཞན་རྣམས་བསྐྲད་ནས་ཁྱོད་ཅག་གི་མཐའ་མཚམས་རྒྱས་པར་བྱེད་པས། ཁྱོད་རྣམས་རང་གི་དཀོན་མཆོག་ཡ་ཝཱེའི་དྲུང་དུ་ལོ་རེ་བཞིན་ལན་གསུམ་དུ་འོང་བའི་སྐབས་སུ། མི་སུས་ཀྱང་ཁྱོད་ཅག་ལ་གཏོགས་པའི་ཡུལ་དེ་ཧམ་འཕྲོག་བྱེད་པར་མི་འགྱུར་རོ། །
25 བདག་ལ་དམར་མཆོད་ཀྱི་ཁྲག་དང་སྐྱུར་རྩི་ལྡན་པའི་བག་ལེབ་གཉིས་ལྷན་དུ་འབུལ་མི་རུང་ལ། པེ་སག་དུས་ཆེན་གྱི་མཆོད་པའང་ཕྱི་ཉིན་ཞོགས་པའི་བར་དུ་བསྐྱུར་མི་རུང་། 26 ཁྱོད་ཅག་གིས་ས་ཞིང་ལས་ཐོག་མར་སྨིན་པའི་ལོ་ཏོག་གི་ཕུད་ནི་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེའི་བཞུགས་གནས་སུ་འབུལ་དགོས་ལ། རེའུ་ཞིག་དེའི་ཨ་མའི་འོ་མ་ནང་དུ་བཙོ་མི་རུང་ཞེས་གསུངས་སོ། །
27 ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། ཚིག་དེ་རྣམས་ཡི་གེར་ཁོད་ཅིག རྒྱུ་མཚན་ནི། བདག་གིས་བཀའ་འདི་ལ་བརྟེན་ནས་ཁྱོད་དང་ཡེས་ར་ཨེལ་པ་རྣམས་ཀྱི་བར་ལ་ཞལ་ཆད་བཞག་པ་ཡིན་ཞེས་གསུངས་སོ། ། 28 མོ་ཤེ་ནི་དཀོན་མཆོག་ཡ་ཝཱེའི་དྲུང་དུ་ཉིན་མཚན་བཞི་བཅུའི་རིང་དུ་གནས་ཤིང་ཟས་ཀྱང་མ་སྤྱད་ལ་སྐོམ་ཡང་མ་འཐུང་བ་དང་། དཀོན་མཆོག་ཡ་ཝཱེས་ཞལ་ཆད་ཀྱི་བཀའ་བཅུ་པོ་རྡོ་ལེབ་གཉིས་ལ་ཡི་གེར་བཀོད་དོ། །
མོ་ཤེའི་གདོང་ནས་འོད་བཀྱེ་བ།
29 ཡང་མོ་ཤེ་རི་བོ་སི་ནཱ་ལས་འབབ་པའི་ཚེ། ཁོའི་ལག་ཏུ་དཔང་པོའི་རྡོ་ལེབ་གཉིས་ཡོད་པ་དང་། དཀོན་མཆོག་ཡ་ཝཱེས་ཁོ་ལ་གསུང་གླེང་མཛད་པའི་རྐྱེན་གྱིས་ཁོའི་ངོ་གདོང་ལས་འོད་བཀྱེ་བ་མོ་ཤེ་རང་ཉིད་ཀྱིས་ཀྱང་ཤེས་མེད། 30 ཨ་རོན་དང་ཡེས་ར་ཨེལ་པ་ཐམས་ཅད་ཀྱིས་མོ་ཤེ་ལ་བལྟས་པ་ན། ཀྱེ་ཧོ། ཁོའི་ངོ་གདོང་ལས་འོད་བཀྱེ་བ་མཐོང་བས་དེ་དང་ཉེ་བར་བཅར་མ་ཕོད་དོ། ། 31 དེ་ནས་མོ་ཤེ་ཡིས་དེ་དག་བོས་ཤིང་། ཨ་རོན་དང་ཚོགས་དཔོན་ཐམས་ཅད་ཁོའི་ཕྱོགས་སུ་འོངས་པ་དང་། མོ་ཤེ་ཡིས་དེ་དག་ལ་གཏམ་བྱས། 32 དེའི་རྗེས་སུ་ཡེས་ར་ཨེལ་པ་ཐམས་ཅད་ཚུཪ་འོངས་པ་ལ། ཁོས་དཀོན་མཆོག་ཡ་ཝཱེས་རི་བོ་སི་ནཱ་ལས་རང་ལ་ཅི་གསུངས་པ་ཐམས་ཅད་དེ་དག་ལ་ཇི་བཞིན་དུ་བསྒོས་པ་རེད། 33 ཡང་མོ་ཤེ་ཡིས་གཏམ་སྨྲས་ཚར་བ་དང་རང་གི་ངོ་གདོང་ལག་རས་ཤིག་གིས་བཀབ། 34 འོན་ཀྱང་ཁོ་རང་ནམ་ཞིག་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ཞུ་གླེང་བྱེད་དུ་ནང་ལ་སོང་བའི་ཚེ། ཕྱིར་མ་ཐོན་བར་དུ་རང་གི་གདོང་གི་ལག་རས་བླངས་ཤིང་། རྗེས་སུ་ཡང་ཕྱི་རུ་ཐོན་ནས། དཀོན་མཆོག་ཡ་ཝཱེས་ཁོ་ལ་བཀའ་གནང་བ་བཞིན་དུ་ཡེས་ར་ཨེལ་པ་རྣམས་ལ་གཏམ་བྱས། 35 ཡང་ཡེས་ར་ཨེལ་པ་རྣམས་ཀྱིས་མོ་ཤེའི་ངོ་གདོང་ལས་འོད་བཀྱེ་བ་མཐོང་ཞིང་། ཁོས་ཡང་ལག་རས་ཀྱིས་རང་གི་ངོ་གདོང་བཀབ་པ་དང་། དཀོན་མཆོག་ཡ་ཝཱེ་ལ་ཞུ་གླེང་བྱེད་པའི་ཕྱིར་ནང་དུ་མ་སོང་བར་དུ་དེ་ལྟར་བྱས་སོ། །