ལེའུ་བཅུ་བདུན་པ།
གླག་གཉིས་དང་རྒུན་འབྲུམ་ཤིང་གི་དཔེ།
དེ་ཡང་དཀོན་མཆོག་ཡ་ཝཱེའི་བཀའ་ནི་ང་ལ་བྱུང་ནས་འདི་སྐད་དུ། ཀྱེ་མིའི་བུ། ཁྱོད་ཀྱིས་ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་ལ་གབ་ཚིག་སྨྲས་ནས་དཔེ་བཞག་སྟེ་འདི་ལྟར་སྨྲོས་ཤིག གཙོ་བོ་ཡ་ཝཱེས་འདི་སྐད་དུ། གཤོག་པ་ཆེ་ཞིང་གཤོག་སྒྲོ་རིང་ལ། བྱ་སྒྲོ་མང་ཞིང་ཁ་དོག་རྣམ་པར་བཀྲ་བའི་གླག་ཆེན་པོ་ཞིག་ལེ་པཱ་ནོན་དུ་བབས་ནས་ཐང་ཤིང་གི་རྩེ་མོ་བཏོགས་པ་དང་། དེས་ལྗོན་ཤིང་གི་རྩེ་མོའི་ལྕུག་མ་གསར་པ་བཅད་ནས་དེ་ཚོང་རྒྱག་ས་དང་ཚོང་པའི་གྲོང་ཁྱེར་དུ་ཁྱེར་ཏེ་བཙུགས། ཡང་དེས་ས་བོན་ཁྱེར་ཏེ་ལྕང་མ་འཛུགས་པ་བཞིན་དུ་ས་བཅུད་འཛོམས་ས་དང་ཆུ་རྒྱུན་གྱི་འགྲམ་དུ་གཏོར་ནས། ས་བོན་དེ་ཆེར་སྐྱེས་ནས་གང་སར་མཆེད་པའི་རྒུན་འབྲུམ་ཤིང་ཕྲན་ཞིག་ཏུ་གྱུར་པ་དང་། ཤིང་གི་ཡལ་ག་རྣམས་གླག་གི་ཕྱོགས་སུ་འཁོར་ཞིང་རྩ་བ་དེའི་འོག་ཏུ་ཡོད། དེ་བཞིན་དུ་དེ་ནི་རྒུན་འབྲུམ་ཤིང་ཞིག་ཏུ་གྱུར་ནས། ཡལ་འདབ་རྒྱས་ཤིང་མྱུ་གུ་འབུས་པའོ། ། ཡང་གླག་གཞན་ཞིག་ཡོད་པའང་གཤོག་པ་ཆེ་ཞིང་བྱ་སྒྲོ་མང་ལ། ལྟོས་དང་། རྒུན་འབྲུམ་ཤིང་དེ་ལྗང་བུ་གསོ་ས་ནས་གླག་དེས་ཆུ་འདྲེན་པའི་ཕྱིར་རྩ་བ་གླག་གི་ཕྱོགས་སུ་བརྐྱངས་ཤིང་། གླག་དེའི་ཕྱོགས་སུ་ཡལ་འདབ་རྒྱས་པ་རེད། དོན་དམ་དུ་རྒུན་འབྲུམ་ཤིང་དེ་ནི་སྔ་མོ་ནས་ས་བཅུད་འཛོམས་ས་དང་ཆུ་རྒྱུན་གྱི་འགྲམ་དུ་བཙུགས་ཡོད་པས། ཡལ་འདབ་རྒྱས་ཤིང་འབྲས་བུ་ཐོགས་ནས་རྒུན་འབྲུམ་ཤིང་ཡིད་དུ་འོང་བ་ཞིག་ཏུ་འགྱུར་ཐུབ་པ་ཡིན་གསུངས་ཞེས་པའོ། ། ཡང་ཁྱོད་ཀྱིས་འདི་ལྟར་སྨྲོས་ཤིག གཙོ་བོ་ཡ་ཝཱེས་འདི་སྐད་དུ། རྒུན་འབྲུམ་ཤིང་འདི་ནི་ཅི་ལྟར་ལོ་འདབ་རྒྱས་སམ། གླག་གིས་དེ་རྩ་བ་ནས་འདོན་ཞིང་འབྲས་བུ་བཏོགས་ཏེ། དེ་དང་དེ་ལས་སྐྱེས་པའི་ལོ་མ་གསར་པ་རྣམས་སྐམ་པར་བྱེད་པ་མ་ཡིན་ནམ། དོན་དམ་དུ་དེ་རྩ་བ་ནས་འདོན་པར་ཤུགས་ཆེན་པོ་དང་མི་མང་པོ་ནི་མི་དགོས་སོ། ། 10 ལྟོས་དང་། རྒུན་འབྲུམ་ཤིང་ནི་བཙུགས་ནའང་དེ་རྒྱས་པར་འགྱུར་རམ། ཤར་རླུང་གཡུགས་ནས་དེར་རྒོལ་དུས་དེ་སྐམ་པར་འགྱུར་བ་མ་ཡིན་ནམ། དེ་ནི་ལྗང་བུ་གསོ་ས་ནས་སྐམ་པར་འགྱུར་རོ་གསུངས་ཞེས་པའོ་ཞེས་གསུངས་སོ། །
དཔེའི་ནང་དོན་བརྗོད་པ།
11 དཀོན་མཆོག་ཡ་ཝཱེའི་བཀའ་ནི་ང་ལ་བྱུང་ནས་འདི་སྐད་དུ། 12 ཁྱོད་ཀྱིས་ཁྱིམ་རྒྱུད་ངོ་ལོག་ཅན་དེ་ལ་འདི་ལྟར། ཁྱོད་རྣམས་ཀྱིས་བྱ་བ་འདིའི་དོན་ཅི་ཡིན་པ་མི་ཤེས་སམ་ཞེས་དྲིས་ཤིག་དང་། ཡང་དེ་ཚོར་འདི་ལྟར་སྨྲོས་ཤིག ལྟོས་དང་། སྔར་པཱ་པེལ་ལོན་གྱི་རྒྱལ་པོ་ཡེ་རུ་སཱ་ལེམ་དུ་འོངས་ནས། ཡུལ་དེའི་རྒྱལ་པོ་དང་འགོ་དཔོན་རྣམས་བཟུང་ནས་ཁོ་དང་མཉམ་དུ་པཱ་པེལ་ལོན་ལ་བཙོན་དུ་ཁྲིད་དེ། 13 ཁོས་ཡེས་ར་ཨེལ་གྱི་རྒྱལ་རྒྱུད་ལས་མི་གཅིག་བདམས་ཏེ། དེ་དང་ཁ་ཆད་བཞག་ནས་དེར་མནའ་བསྐྱལ་དུ་བཅུག་པ་དང་། ད་དུང་རྒྱལ་ཁབ་ནང་གི་སྟོབས་ཤུགས་ཡོད་པ་རྣམས་བཙོན་དུ་ཁྲིད་ཅིང་། 14 རྒྱལ་ཁབ་ཉམས་སུ་བཅུག་སྟེ་ཡང་བསྐྱར་དར་རྒྱས་སུ་འགྲོ་མ་ཐུབ་པས། ཁ་ཆད་བརྩི་སྲུང་གཟབ་ནན་བྱས་ན་ད་གཟོད་ཁོ་རྣམས་གནས་ཐུབ་པ་ཡིན། 15 འོན་ཀྱང་མི་དེས་དམག་རྟ་དང་དཔུང་ཆེན་འཐོབ་པའི་ཆེད་དུ། ཨེ་ཅིབ་ཡུལ་དུ་ཕོ་ཉ་མངགས་ནས་པཱ་པེལ་ལོན་གྱི་རྒྱལ་པོར་ངོ་ལོག་བྱས་པའོ། །མི་དེའི་བསམ་དོན་འགྲུབ་ཐུབ་བམ། དོན་དེ་འདྲ་བྱས་པའི་མི་ནི་ཅི་ལྟར་ཐར་རམ། མི་དེས་ཁ་ཆད་བརྩི་སྲུང་མ་བྱས་པས་ཅི་ལྟར་ཐར་རམ། 16 བདག་གིས་རང་གི་ཚེ་སྲོག་དཔང་དུ་བཙུགས་ནས་མནའ་བསྐྱལ་བ་ཡིན་ཏེ། དེས་རང་གིས་བསྐྱལ་བའི་མནའ་ལ་མཐོང་ཆུང་བྱས་ཤིང་རྒྱལ་པོ་དང་བཞག་པའི་ཁ་ཆད་དོར་བས། ཁོ་ནི་རྒྱལ་སར་བཀོད་ས་སྟེ་པཱ་པེལ་ལོན་གྱི་རྒྱལ་ཁབ་ཏུ་འཆི་བར་འགྱུར་རོ་ཞེས་གཙོ་བོ་ཡ་ཝཱེས་གསུངས། 17 དགྲ་ཡིས་གྲོང་ཁྱེར་བསྐོར་བའི་མཁར་མཐོན་པོ་བརྩིགས་ཤིང་། གྲོང་ཁྱེར་ལ་རྒོལ་བའི་ཆེད་དུ་ས་རགས་བརྩིགས་ནས་མི་མང་པོ་ཚར་དུ་གཅོད་དུས། ཕཱར་ཨོལ་གྱིས་དཔུང་ཆེན་དང་དམག་མང་པོ་ཁྲིད་འོངས་ཀྱང་། དེའི་དོན་དུ་གཡུལ་འགྱེད་མི་ཐུབ་བོ། ། 18 དེས་མནའ་ཚིག་ལ་མཐོང་ཆུང་བྱས་ནས་ཁ་ཆད་དོར་བ་དང་། ཁོས་བློ་དཀར་བའི་དམ་བཅའ་བཞག་ཀྱང་དོན་དེ་ཐམས་ཅད་སྤྱད་པས། ཁོ་ནི་ཐར་བར་མི་འགྱུར་རོ། ། 19 དེ་བས་གཙོ་བོ་ཡ་ཝཱེས་འདི་སྐད་དུ། བདག་གིས་རང་གི་ཚེ་སྲོག་དཔང་དུ་བཙུགས་ནས་མནའ་བསྐྱལ་བ་ཡིན་ཏེ། ཁོས་ངའི་མནའ་ཚིག་ལ་མཐོང་ཆུང་བྱས་ཏེ་ངའི་ཁ་ཆད་དོར་བ་ཡིན་ན། ངས་སྡིག་པ་དེ་ཁོའི་སྟེང་དུ་འགེལ་བར་བྱའོ། ། 20 ངས་རང་གི་དྲ་དེའི་སྟེང་དུ་གཏོར་ནས་ཁོ་ངའི་དྲ་ཡི་ནང་དུ་འཚུད་པར་འགྱུར་ཞིང་། ངས་དེ་པཱ་པེལ་ལོན་དུ་ཁྲིད་དེ། ཁོ་རང་ང་ལ་བློ་མི་དཀར་བའི་སྡིག་པའི་ཆེད་དུ། ངས་གནས་དེར་ཁོ་ལ་ཉེས་ཆད་གཅོད་པར་འགྱུར། 21 དེ་ནས་ཁོའི་དམག་དཔུང་གི་དམག་མི་དཔའ་རྩལ་ཅན་ཚང་མ་རལ་གྲིའི་འོག་ཏུ་འཆི་བར་འགྱུར་ཞིང་། ལྷག་ལུས་རྣམས་ཀྱང་ཕྱོགས་བཞིར་ཁ་ཐོར་དུ་འགྲོ་བ་དང་། དེ་ནས་ཁྱོད་ཚོས་འདི་སྐད་སྨྲ་བ་ནི་ཡ་ཝཱེ་ང་རང་ཡིན་པ་རྟོགས་པར་འགྱུར་རོ། ། 22 གཙོ་བོ་ཡ་ཝཱེས་འདི་སྐད་དུ། ངས་ཐང་ཤིང་མཐོན་པོའི་རྩེ་མོ་ནས་ཡལ་ག་ཞིག་བླངས་ཏེ་འཛུགས་ཤིང་། ངས་དེའི་རྩེ་མོའི་ལྕུག་མ་གསར་པ་ཞིག་བཅད་ནས་རི་མཐོན་པོའི་ཁར་འཛུགས་པར་བྱ་སྟེ། 23 ངས་དེ་ཡེས་ར་ཨེལ་གྱི་རི་མཐོན་པོའི་ཁར་བཙུགས་ནས། དེར་ཡལ་ག་སྐྱེས་ནས་ཤིང་ཏོག་ཐོགས་པ་དང་། ཡིད་དུ་འོང་བའི་ཐང་ཤིང་དུ་འགྱུར་ཞིང་། འདབ་ཆགས་སྣ་ཚོགས་དེའི་འོག་ཏུ་སྡོད་པ་སྟེ། དེའི་ཡལ་གའི་བསིལ་གྲིབ་འོག་ཏུ་སྡོད་པར་འགྱུར། 24 དེ་ནས་ང་ཡ་ཝཱེས་ལྗོན་ཤིང་མཐོན་པོ་རྣམས་དམའ་མོ་དང་དམའ་མོ་རྣམས་མཐོན་པོ། ལྗོན་ཤིང་སྔོ་ལྗང་རྣམས་སྐམ་པོ་དང་སྐམ་པོ་རྣམས་ལོ་འདབ་རྒྱས་པར་བྱེད་པ་ཐང་གི་ལྗོན་ཤིང་ཐམས་ཅད་ཀྱིས་ཤེས་པར་འགྱུར་ལ། ཡ་ཝཱེ་བདག་གིས་ཅི་ལྟར་སྨྲས་པ་ཡིན་ན་དེ་ལྟར་བསྒྲུབ་པར་འགྱུར་རོ་གསུངས་ཞེས་པའོ་ཞེས་གསུངས་སོ། །