ལེའུ་ཉི་ཤུ་པ།
ཡེས་ར་ཨེལ་པ་རྣམས་ཨེ་ཅིབ་ཡུལ་དུ་ཡོད་དུས་ཀྱི་སྡིག་སྤྱོད།
1 དེ་ཡང་ལོ་བདུན་པའི་ཟླ་ལྔ་པའི་ཚེས་བཅུ་ཉིན། ཡེས་ར་ཨེལ་གྱི་རྒན་པོ་འགའ་ཤས་དཀོན་མཆོག་ཡ་ཝཱེར་ཐུགས་བརྟག་ཞུ་བར་འོངས་ཏེ། ཁོ་རྣམས་ངའི་མདུན་དུ་བསྡད་པ་ན། 2 དཀོན་མཆོག་ཡ་ཝཱེའི་བཀའ་ནི་ང་ལ་བྱུང་ནས་འདི་སྐད་དུ། 3 ཀྱེ་མིའི་བུ། ཁྱོད་ཀྱིས་ཡེས་ར་ཨེལ་གྱི་རྒན་པོ་རྣམས་ལ་འདི་ལྟར་སྨྲོས་ཤིག གཙོ་བོ་ཡ་ཝཱེས་འདི་སྐད་དུ། ཁྱོད་ཚོ་འོངས་ནས་ང་ལ་ཐུགས་བརྟག་ཞུའམ། བདག་གིས་རང་གི་ཚེ་སྲོག་དཔང་དུ་བཙུགས་ནས་མནའ་བསྐྱལ་བ་ཡིན་ཏེ། ངས་ཁྱོད་ཚོར་ང་ལ་ཐུགས་བརྟག་ཞུ་རུ་མི་འཇུག་གོ་གསུངས་ཞེས་པའོ་ཞེས་གཙོ་བོ་ཡ་ཝཱེས་གསུངས་སོ། ། 4 ཀྱེ་མིའི་བུ། ཁྱོད་ཀྱིས་ཁོ་རྣམས་ལ་འདྲི་གཅོད་བྱེད་དམ། ཁོ་རྣམས་ལ་འདྲི་གཅོད་བྱེད་དམ། །ཁྱོད་ཀྱིས་དེ་དག་གི་མེས་པོ་རྣམས་ཀྱིས་སྤྱད་པའི་ཞེན་ལོག་གི་དོན་རྣམས་ཁོ་ཚོར་རྟོགས་སུ་འཇུག་དགོས་ལ། 5 ཡང་དེ་རྣམས་ལ་འདི་ལྟར་སྨྲོས་ཤིག གཙོ་བོ་ཡ་ཝཱེས་འདི་སྐད་དུ། བདག་གིས་ཡེས་ར་ཨེལ་འདེམས་པའི་དུས་སུ། བདག་གིས་ཡ་ཀོབ་ཁྱིམ་རྒྱུད་ཀྱི་ཕྱོགས་སུ་ལག་པ་བརྐྱངས་ཏེ་མནའ་བསྐྱལ་བ་དང་། ཡང་ཨེ་ཅིབ་ཡུལ་དུ་ཁོ་རྣམས་ལ་རང་ཉིད་མངོན་པར་བྱས་ནས། བདག་གིས་དེ་དག་གི་ཕྱོགས་སུ་ལག་པ་བརྐྱངས་ནས་མནའ་བསྐྱལ་ཏེ་འདི་སྐད་དུ། བདག་ནི་ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེ་ཡིན་ཞེས་སྨྲས་སོ། ། 6 ཉིན་མོ་དེར་བདག་གིས་དེ་དག་གི་ཕྱོགས་སུ་ལག་པ་བརྐྱངས་ནས་ཁོ་ཚོ་ཨེ་ཅིབ་ཡུལ་ནས་ཕྱི་རུ་ཁྲིད་དེ། ངས་དེ་དག་གི་ཆེད་དུ་བདམས་པའི་འོ་མ་དང་སྦྲང་རྩི་བཞུར་བའི་གནས་ཏེ། ཡུལ་ཁམས་ཀུན་ལས་ཆེས་གཟི་དཔལ་འབར་བའི་གནས་སུ་འོང་བར་མནའ་བསྐྱལ་བའོ། ། 7 ངས་དེ་དག་ལ་འདི་སྐད་དུ། ཁྱོད་ཚོ་རེ་རེས་ཁྱོད་ཚོའི་མིག་ནང་གི་སྐུ་འདྲ་ཞེན་ལོག་ཅན་དེ་རྣམས་དོར་ཞིག་དང་། ཨེ་ཅིབ་ཀྱི་སྐུ་འདྲའི་རྐྱེན་གྱིས་རང་ཉིད་བཙོག་པར་མི་བཟོ་བར་གྱིས། བདག་ནི་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེ་ཡིན་ཞེས་སྨྲས་ཀྱང་། 8 དེ་དག་གིས་ང་ལ་ངོ་ལོག་བྱས་ནས་ང་ལ་མི་མཉན་པར། ཁོ་ཚོ་རེ་རེས་རང་གི་མིག་ནང་གི་སྐུ་འདྲ་ཞེན་ལོག་ཅན་རྣམས་མ་དོར་ཞིང་། ཨེ་ཅིབ་ཀྱི་སྐུ་འདྲ་རྣམས་དང་མ་བྲལ་བས། དུས་དེར་ངས་འདི་སྐད་དུ། ངས་རང་གི་ཁོང་ཁྲོ་ཆེན་པོ་དེ་དག་གི་སྟེང་དུ་ལྡུག་པར་བྱ་སྟེ། ཨེ་ཅིབ་ཡུལ་དུ་ངས་དེ་དག་གི་སྟེང་དུ་རང་གི་ཁོང་ཁྲོ་ཡོངས་སུ་ལྡུག་དགོས་ཞེས་སྨྲས་པའོ། ། 9 ཡིན་ཡང་དེ་དག་བྱེས་སུ་སྡོད་པའི་མི་ཀུན་གྱི་མིག་ནང་དུ་ངའི་མཚན་སྙན་མི་བརླག་པའི་ཆེད་དུ། ངའི་རང་གི་མིང་གི་ཕྱིར་དེ་ལྟར་མ་བྱས་པར། ངས་དེ་དག་ཨེ་ཅིབ་ཡུལ་ནས་ཕྱི་རུ་ཁྲིད་འོངས་ཏེ། མི་ཀུན་གྱི་མདུན་དུ་ཁོ་ཚོར་མངོན་པར་གྱུར་ཏོ། །
དབེན་སྟོང་ཡུལ་གྱི་སྡིག་སྤྱོད།
10 དེ་བཞིན་བདག་གིས་ཁོ་ཚོ་ཨེ་ཅིབ་ཡུལ་ནས་ཕྱི་རུ་ཁྲིད་དེ་དབེན་སྟོང་དུ་སླེབས་པ་དང་། 11 བདག་གིས་རང་གི་སྒྲིག་ཁྲིམས་ཁོ་ཚོར་གནང་ཞིང་། རང་གི་སྒྲིག་སྲོལ་ཁོ་ཚོར་བསྟན་པ་དང་། མི་ཡིས་དེ་རྣམས་བསྲུངས་ན་དེའི་རྐྱེན་གྱིས་གསོན་པར་འགྱུར་རོ། ། 12 ཡང་བདག་གིས་རང་གི་ངལ་གསོ་བའི་ཉིན་མོ་ཁོ་ཚོར་གནང་སྟེ། ང་དང་ཁོ་ཚོའི་བར་གྱི་བདེན་དཔང་དུ་བྱས་ནས། བདག་ནི་ཁོ་ཚོ་དམ་པར་བྱེད་མཁན་ཡ་ཝཱེ་ཡིན་པ་རྟོགས་སུ་བཅུག་གོ ། 13 ཡིན་ནའང་ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་ཀྱིས་དབེན་སྟོང་དུ་བདག་ལ་ངོ་ལོག་བྱས་ཏེ་བདག་གི་སྒྲིག་ཁྲིམས་མ་བརྩིས་ལ། བདག་གི་སྒྲིག་སྲོལ་ཡང་དོར་བས། ༼གལ་ཏེ་མི་ཡིས་དེ་རྣམས་བསྲུངས་ན་གསོན་པར་ངེས་སོ། །༽ བདག་གི་ངལ་གསོ་བའི་ཉིན་མོ་ཁྱད་དུ་བསད་པའོ། །དུས་དེར་ངས་རང་གི་ཁོང་ཁྲོ་ཆེན་པོ་དེ་ཁོ་ཚོའི་སྟེང་དུ་བླུགས་ནས་དེ་རྣམས་དབེན་སྟོང་ཡུལ་དུ་མེད་པར་བཟོ་དགོས་ཞེས་སྨྲས་ནའང་། 14 དེ་དག་བྱེས་སུ་སྡོད་པའི་མི་རིགས་ཀུན་གྱི་མིག་ནང་དུ་ངའི་མཚན་སྙན་མི་བརླག་པའི་ཆེད་དུ། ངས་རང་གི་མིང་གི་ཕྱིར་དེ་ལྟར་མ་བྱས། སྔར་བདག་གིས་ཁོ་ཚོའི་མིག་མདུན་ནས་ཡེས་ར་ཨེལ་པ་རྣམས་ཕྱི་རུ་ཁྲིད་འོངས་པ་ཡིན། 15 ངས་དེ་དག་ལ་གནང་བའི་འོ་མ་དང་སྦྲང་རྩི་བཞུར་བའི་གནས་ཏེ། ཡུལ་ཁམས་ཀུན་ལས་ཆེས་གཟི་དཔལ་འབར་བའི་གནས་སུ་ཁོ་རྣམས་འཁྲིད་པར་མི་བྱའོ་ཞེས་དབེན་སྟོང་ཡུལ་དུ་ངས་དེ་དག་གི་ཕྱོགས་སུ་ལག་པ་བརྐྱངས་ནས་མནའ་བསྐྱལ་བའོ། ། 16 གང་ལ་ཞེ་ན། དེ་དག་གིས་བདག་གི་སྒྲིག་སྲོལ་དོར་བ་དང་བདག་གི་སྒྲིག་ཁྲིམས་མ་བརྩིས་པར། བདག་གི་ངལ་གསོ་བའི་ཉིན་མོ་ཡང་ཁྱད་དུ་བསད་ནས། དེ་དག་གི་སེམས་ནི་རང་གི་སྐུ་འདྲའི་རྗེས་སུ་འབྲངས་སོ། ། 17 དེ་འདྲ་ཡིན་ཡང་། ངས་ད་དུང་དེ་དག་ལ་ལྟ་སྐྱོང་བྱས་ནས་དེ་དག་མེད་པར་མ་བྱས་ཏེ། དབེན་སྟོང་ཡུལ་དུ་དེ་དག་རྩ་མེད་དུ་མ་བཏང་ངོ་། ། 18 དབེན་སྟོང་ཡུལ་དུ་ངས་དེ་དག་གི་བུ་དང་བུ་མོ་རྣམས་ལ་འདི་སྐད་དུ། ཁྱོད་ཚོའི་མེས་པོ་རྣམས་ཀྱི་སྒྲིག་ཁྲིམས་རྣམས་མ་བརྩི་ཞིག ཁོ་ཚོའི་སྒྲིག་སྲོལ་ཡང་བསྲུང་བར་མ་བྱེད། ཁོ་ཚོའི་སྐུ་འདྲ་རྣམས་ཀྱི་རྐྱེན་གྱིས་རང་ཉིད་བཙོག་པར་མ་བཟོ། 19 བདག་ནི་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེ་ཡིན་པས། ཁྱོད་རྣམས་ཀྱིས་བདག་གི་སྒྲིག་ཁྲིམས་རྩིས་ཤིག བདག་གི་སྒྲིག་སྲོལ་བསྲུངས་ནས་དེ་བཞིན་སྤྱོད་ཅིག 20 ཁྱོད་ཚོས་བདག་གི་ངལ་གསོ་བའི་ཉིན་མོ་དམ་པར་བརྩིས་ནས། ང་དང་ཁྱོད་ཚོའི་བར་གྱི་བདེན་དཔང་དུ་བྱས་ཏེ་བདག་ནི་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེ་ཡིན་པ་ཤེས་པར་གྱིས་ཞེས་སྨྲས་ནའང་། 21 ཁོ་ཚོའི་བུ་དང་བུ་མོ་རྣམས་ཀྱིས་བདག་ལ་ངོ་ལོག་བྱས་ཏེ་བདག་གི་སྒྲིག་ཁྲིམས་མ་བརྩིས་ལ། བདག་གི་སྒྲིག་སྲོལ་རྣམས་བསྲུངས་ནས་དེ་བཞིན་མ་བྱས་པས། ༼གལ་ཏེ་མི་ཡིས་སྒྲིག་ཁྲིམས་དང་སྒྲིག་སྲོལ་དེ་རྣམས་བསྲུངས་པ་ཡིན་ན་དེའི་རྐྱེན་གྱིས་གསོན་པར་ངེས་སོ། །༽ བདག་གི་ངལ་གསོ་བའི་ཉིན་མོ་ཁྱད་དུ་བསད་པའོ། །དུས་དེར་བདག་གིས་རང་གི་ཁོང་ཁྲོ་ཆེན་པོ་དེ་ཁོ་ཚོའི་སྟེང་དུ་བླུགས་ནས། དབེན་སྟོང་ཡུལ་དུ་དེ་དག་གི་སྟེང་དུ་རང་གི་ཁོང་ཁྲོ་ཡོངས་སུ་ལྡུག་དགོས་ཞེས་སྨྲས་ནའང་། 22 དེ་དག་བྱེས་སུ་སྡོད་སའི་མི་རིགས་ཀུན་གྱི་མིག་ནང་དུ་ངའི་མཚན་སྙན་མི་བརླག་པའི་ཆེད་དུ། བདག་གིས་རང་གི་མིང་གི་ཕྱིར་ལག་པ་བསྐུམས་ནས་དེ་ལྟར་མ་བྱས། སྔར་བདག་གིས་ཁོ་ཚོའི་མིག་མདུན་ནས་ཡེས་ར་ཨེལ་པ་རྣམས་ཕྱི་རུ་ཁྲིད་འོངས་པ་ཡིན། 23 དེ་རྣམས་ཡུལ་ཁམས་ཀུན་ཏུ་གཏོར་ཞིང་། མི་རིགས་ཀུན་གྱི་ནང་དུ་གཏོར་བར་བྱའོ་ཞེས་ངས་དབེན་སྟོང་ཡུལ་དུ་དེ་དག་གི་ཕྱོགས་སུ་ལག་པ་བརྐྱངས་ནས་མནའ་བསྐྱལ་བ་ཡིན། 24 གང་ལ་ཞེ་ན། དེ་དག་གིས་ངའི་སྒྲིག་སྲོལ་མ་བརྩིས་ཤིང་། ངའི་ཁྲིམས་སྲོལ་རྣམས་དོར་ཏེ། ངའི་ངལ་གསོ་བའི་ཉིན་མོ་ཡང་ཁྱད་དུ་བསད་ནས། དེ་དག་གི་མིག་གིས་རང་གི་མེས་པོ་རྣམས་ཀྱི་སྐུ་འདྲ་དག་ལ་རེ་ལྟོས་བཅངས་པའོ། ། 25 དེའི་ཕྱིར་ངས་ཀྱང་བཟང་པོ་མིན་པའི་ཁྲིམས་སྲོལ་དང་དེར་བརྟེན་ནས་འཚོ་བར་མི་འགྱུར་བའི་སྒྲིག་སྲོལ་རྣམས་ཁོ་ཚོར་གནང་བ་ཡིན། 26 དེ་དག་གིས་སྐྱེས་འགོ་ཐམས་ཅད་མེར་བསྲེགས་ནས་མཆོད་རྫས་སུ་ཕུལ་བས་ན། ངས་དེ་དག་ལ་རང་ཉིད་བཙོག་པར་བཟོ་རུ་བཅུག་པ་སྟེ། དེ་རྣམས་འཇིགས་སྣང་སྐྱེས་ནས་བདག་ནི་ཡ་ཝཱེ་ཡིན་པ་རྟོགས་པའི་ཕྱིར་ཡིན་གསུངས་ཞེས་པའོ། །
ཀ་ན་ཨན་གྱི་སྡིག་སྤྱོད།
27 ཀྱེ་མིའི་བུ། དེའི་ཕྱིར་ཁྱོད་ཀྱིས་ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་རྣམས་ལ་འདི་ལྟར་སྨྲོས་ཤིག གཙོ་བོ་ཡ་ཝཱེས་འདི་སྐད་དུ། ཁྱོད་ཚོའི་མེས་པོ་རྣམས་ཀྱིས་ང་ལ་བློ་མི་དཀར་བའི་དོན་འདིའི་སྟེང་ནས་ང་རང་ཁྱད་དུ་བསད་པའོ། ། 28 ངས་དེ་དག་གི་ཕྱོགས་སུ་ལག་པ་བརྐྱངས་ནས་དེ་དག་ལ་གནང་བར་མནའ་བསྐྱལ་བའི་གནས་དེ་རུ་ཁོ་ཚོ་ཁྲིད་ནའང་། ཁོ་ཚོས་རི་སྒང་རྣམས་དང་ནགས་ཚལ་སྟུག་པོ་དག་མཐོང་སྟེ། གནས་དེ་ནས་མཆོད་པ་ཕུལ་ཏེ། ངའི་གནས་དེ་རུ་ང་ལ་ཁོང་ཁྲོ་སློང་བའི་མཆོད་པ་རྣམས་དེར་ཕུལ་ཞིང་། དྲི་ཞིམ་གྱི་མཆོད་པ་དང་བཅས་རང་གི་སྐྱེམས་མཆོད་ཀྱང་ཕུལ་ཏོ་ཞེས་གསུངས་ཞེས་པའོ། ། 29 དེ་ནས་ངས་དེ་དག་ལ། ཁྱོད་ཅག་སོང་བའི་མཐོ་གླིང་དེ་གནས་ཅི་ཡིན་ཞེས་དྲིས་པ་དང་། ད་ལྟའི་བར་དུ་མཐོ་གླིང་དེའི་མིང་ལ་པ་མཱ་ཞེས་ཟེར་རོ། ། 30 དེའི་ཕྱིར་ཁྱོད་ཀྱིས་ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་རྣམས་ལ་འདི་ལྟར། གཙོ་བོ་ཡ་ཝཱེས་འདི་སྐད་དུ། ཁྱོད་ཚོས་ད་དུང་རང་གི་ཕ་མེས་རྣམས་ཀྱིས་སྤྱད་པ་བཞིན་དུ་རང་ཉིད་བཙོག་པར་བཟོས་ཏེ། དེ་དག་གི་ཞེན་ཁ་ལོག་པའི་སྐུ་འདྲའི་རྗེས་སུ་འབྲངས་ནས་ལོག་གཡེམ་བྱེད་དམ། 31 ཁྱོད་ཚོས་མཆོད་པ་ཕུལ་ནས་རང་གི་བུ་རྣམས་མེར་བསྲེགས་ཏེ། ཁྱོད་ཚོའི་སྐུ་འདྲ་ཐམས་ཅད་ཀྱིས་དེ་རིང་བར་དུ་རང་ཉིད་བཙོག་པར་བཟོས་པས། ཀྱེ་ཡེས་ར་ཨེལ་གྱི་ཁྱིམ་རྒྱུད། ངས་ཅི་ལྟར་ཁྱོད་ཚོར་ང་ནས་ཐུགས་བརྟག་ཞུ་བར་འཇུག་གམ། བདག་གིས་རང་གི་ཚེ་སྲོག་དཔང་དུ་བཙུགས་ནས་མནའ་བསྐྱལ་བ་ཡིན་ཏེ། ངས་ཁྱོད་ཚོར་ང་ལ་ཐུགས་བརྟག་ཞུ་རུ་མི་འཇུག་གོ་ཞེས་གཙོ་བོ་ཡ་ཝཱེས་གསུངས་པའོ། ། 32 ཁྱོད་ཚོ་ན་རེ། ངེད་རྣམས་ཀྱིས་མི་རིགས་ཀུན་གྱི་མི་ཐམས་ཅད་དང་། རྒྱལ་ཁམས་ཁག་གི་མི་རིགས་སོ་སོ་བཞིན་དུ་ཤིང་དང་རྡོ་ལ་སྲི་ཞུ་བསྒྲུབ་བོ་ཟེར་ཞིང་། ཁྱོད་ཚོའི་བསམ་དོན་འདི་རྩ་བ་ནས་འགྲུབ་པར་མི་འགྱུར་རོ། །
རང་ཡུལ་དུ་ཕྱིར་ལོག་པའི་ཞལ་བཞེས།
33 བདག་གིས་རང་གི་ཚེ་སྲོག་དཔང་དུ་བཙུགས་ནས་མནའ་བསྐྱལ་བ་ཡིན་ཏེ། ངས་ནུས་མཐུ་ཆེན་པོའི་ཕྱག་དང་ཕྱི་རུ་བརྐྱངས་པའི་དཔུང་པ། རབ་ཏུ་འབར་བའི་ཁོང་ཁྲོ་བཅས་ཀྱིས་ཁྱོད་རྣམས་དབང་དུ་བསྒྱུར་རོ་ཞེས་གཙོ་བོ་ཡ་ཝཱེས་གསུངས། 34 ངས་ནུས་མཐུ་ཆེན་པོའི་ཕྱག་དང་ཕྱི་རུ་བརྐྱངས་པའི་དཔུང་པ། རབ་ཏུ་འབར་བའི་ཁོང་ཁྲོ་བཅས་ཀྱིས་ཁྱོད་རྣམས་ངེས་པར་དུ་མི་རིགས་ཀུན་གྱི་ཁྲོད་ནས་ཁྲིད་འོང་ཞིང་། ཁྱོད་རྣམས་ཁ་འཐོར་དུ་ཕྱིན་པའི་ཡུལ་སོ་སོ་ནས་ཚུར་བསྡུ་བར་འགྱུར། 35 ངས་ཁྱོད་རྣམས་མི་སོ་སོའི་མི་མེད་ལུང་སྟོང་དུ་ཁྲིད་ནས། གནས་དེར་ངས་ཁྱོད་རྣམས་ལ་ཁ་རི་ཁ་ཐུག་ཏུ་ཁྲིམས་གཅོད་ཅིང་། 36 ངས་ཇི་ལྟར་ཨེ་ཅིབ་ཡུལ་གྱི་དབེན་སྟོང་ནས་ཁྱོད་ཅག་གི་མེས་པོ་རྣམས་ལ་ཁྲིམས་བཅད་པ་ཡིན་ན། ཁྱོད་ཅག་ལའང་དེ་ལྟར་ཁྲིམས་གཅོད་པར་འགྱུར་ཞེས་གཙོ་བོ་ཡ་ཝཱེས་གསུངས་སོ། ། 37 ཡང་ངས་ཁྱོད་རྣམས་རྫི་བོའི་དབྱུག་པའི་འོག་ནས་འགྲོ་བར་བྱ་ཞིང་། ཁྱོད་རྣམས་ཁ་ཆད་ཀྱི་ནང་དུ་འཇུག་པར་འགྱུར་ལ། 38 ངས་ཁྱོད་ཅག་གི་ཁྲོད་ནས་ང་ལ་ངོ་ལོག་བྱེད་མཁན་དང་ང་དང་འགལ་བ་རྣམས་མེད་པར་བཟོ་སྟེ། ངས་དེ་རྣམས་བྱེས་སུ་སྡོད་པའི་ཡུལ་ནས་ཁྲིད་འོངས་ནའང་དེ་དག་ཡེས་ར་ཨེལ་གྱི་ཡུལ་དུ་འཇུག་པར་མི་འགྱུར་རོ། །དེ་ནས་ཁྱོད་ཅག་གིས་བདག་ནི་ཡ་ཝཱེ་ཡིན་པ་རྟོགས་པར་འགྱུར་རོ། ། 39 ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་ཁྱོད་ལ་གཙོ་བོ་ཡ་ཝཱེས་འདི་སྐད་དུ། ཁྱོད་རྣམས་རེ་རེ་སོང་ནས་རང་གི་སྐུ་འདྲར་ཞབས་ཏོག་སྒྲུབས་ཤིག་དང་། ཡིན་ནའང་མ་འོངས་པར་ཁྱོད་ཚོས་ང་ལ་མཉན་ངེས་ཡིན་ཏེ། ཁྱོད་རྣམས་ཀྱི་མཆོད་རྫས་དང་སྐུ་འདྲ་ཡིས་ངའི་མཚན་དམ་པ་དེ་ཡང་བསྐྱར་ཁྱད་དུ་གསོད་པར་མི་བྱའོ། ། 40 གང་ལ་ཞེ་ན། ངའི་རི་བོ་དམ་པ་སྟེ་ཡེས་ར་ཨེལ་གྱི་རི་མཐོན་པོ་རུ། ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་ཐམས་ཅད་ཀྱིས་གནས་དེ་རུ་ང་ལ་ཞབས་ཏོག་བསྒྲུབ་པར་འགྱུར་ཞིང་། གནས་དེ་རུ་ངས་ཁོ་ཚོ་དང་ལེན་བྱེད་ཅིང་། གནས་དེར་ཁྱོད་ཅག་གི་འདེགས་མཆོད་དང་ཐོག་ཕུད་དང་། རྫས་དམ་པ་ཐམས་ཅད་བཅས་ངས་ལེན་པར་བྱའོ་ཞེས་གཙོ་བོ་ཡ་ཝཱེས་གསུངས་སོ། ། 41 ངས་ཁྱོད་རྣམས་མི་རྣམས་ཀྱི་ཁྲོད་ནས་འདོན་ཞིང་ཁྱོད་རྣམས་ཁ་འཐོར་ཏུ་ཕྱིན་པའི་ཡུལ་ཀུན་ནས་བསྡུ་བའི་ཚེ། དྲི་ཞིམ་གྱི་མཆོད་པ་དང་ལེན་བྱེད་པ་བཞིན་དུ་ངས་ཁྱོད་རྣམས་དང་ལེན་བྱེད་པར་འགྱུར་ཏེ། མི་རིགས་ཀུན་གྱི་མདུན་དུ། ཁྱོད་རྣམས་ཀྱི་ཁྲོད་ནས་ང་རང་དམ་པར་མངོན་ནོ། ། 42 ཡང་ངས་ཁྱོད་རྣམས་ཡེས་ར་ཨེལ་གྱི་ཡུལ་ཏེ། སྔར་ངས་ཁྱོད་ཚོའི་ཕ་མེས་རྣམས་ལ་གནང་བར་ལག་པ་བརྐྱངས་ནས་མནའ་བསྐྱལ་བའི་ཡུལ་དུ་ཁྱོད་ཅག་ཁྲིད་ན། ཁྱོད་ཚོས་བདག་ནི་ཡ་ཝཱེ་ཡིན་པ་རྟོགས་པར་འགྱུར་རོ། ། 43 ཡུལ་དེ་རུ་ཁྱོད་ཚོས་རང་ཉིད་བཙོག་པར་བཟོས་པའི་བྱ་བ་སྤྱོད་པ་ཐམས་ཅད་དྲན་པར་འགྱུར་ཞིང་། ཡང་རང་གིས་སྤྱད་པའི་དོན་ངན་པ་ཐམས་ཅད་ཀྱི་རྐྱེན་གྱིས་ཁྱོད་རྣམས་རང་ལ་ཞེན་ཁ་ལོག་པར་འགྱུར་རོ། ། 44 ཀྱེ་ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་རྣམས། བདག་གིས་རང་གི་མཚན་དམ་པའི་ཆེད་དུ། ཁྱོད་ཚོའི་སྤྱོད་ངན་དང་ངན་རུལ་དུ་གྱུར་པའི་བྱ་སྤྱོད་བཞིན་དུ་ཁྱོད་རྣམས་ལ་བྱས་མེད། དེ་ནས་ཁྱོད་ཚོས་བདག་ནི་ཡ་ཝཱེ་ཡིན་པ་རྟོགས་པར་འགྱུར་གསུངས་ཞེས་པའོ་ཞེས་གཙོ་བོ་ཡ་ཝཱེས་གསུངས་སོ། ། 45 ཡང་དཀོན་མཆོག་ཡ་ཝཱེའི་བཀའ་ནི་ང་ལ་བྱུང་ནས་འདི་སྐད་དུ། 46 ཀྱེ་མིའི་བུ། རང་གི་གདོང་ནེ་གུབ་ཡུལ་དུ་འཁོར་ནས་ལྷོ་ཕྱོགས་སུ་ནེ་གུབ་ཡུལ་གྱི་ཐང་གི་ནགས་ཚལ་ལ་རྒོལ་བའི་ལུང་སྟོན་པར་གྱིས་ཤིག 47 ནེ་གུབ་ཡུལ་གྱི་ནགས་ཚལ་ལ་འདི་ལྟར། ཁྱོད་ཀྱིས་དཀོན་མཆོག་ཡ་ཝཱེའི་བཀའ་ལ་ཉོན་དང་། གཙོ་བོ་ཡ་ཝཱེས་འདི་སྐད་དུ། ལྟོས་དང་། ངས་ཁྱོད་ཀྱི་ནང་དུ་མེ་སྦར་ཞིང་། ཁྱོད་ཀྱི་ནང་དུ་ཡོད་པའི་ལྗོན་ཤིང་སྔོན་པོ་ཐམས་ཅད་དང་ཤིང་སྡོང་སྐམ་པོ་ཐམས་ཅད་ཁྱུར་མིད་གཏོང་བར་བྱ་སྟེ། མེ་ལྕེ་དྲག་པོ་དེ་ཞི་བར་མི་འགྱུར་ལ། བྱང་ནས་ལྷོ་ཡི་བར་དུ་ཡོངས་སུ་འཚིག་པར་འགྱུར། 48 དེ་ནས་མི་ཐམས་ཅད་ཀྱིས་ང་ཡ་ཝཱེས་མེ་དེ་སྦར་བ་མཐོང་བར་འགྱུར་ཞིང་། མེ་དེ་ཞི་བར་མི་འགྱུར་གསུངས་ཞེས་ལུང་སྟོན་ཅིག་ཅེས་གསུངས་པ་ལ། 49 ངས་འདི་ལྟར། ཀྱི་ཧུད། གཙོ་བོ་ཡ་ཝཱེ་ལགས། མི་ཐམས་ཅད་ཀྱིས་ང་བསྟན་ནས་མི་འདིས་གཏམ་དཔེ་བཤད་པ་མ་ཡིན་ནམ་ཟེར་རོ་ཞེས་ཞུས་པའོ། །