ལེའུ་ཉེར་གསུམ་པ།
གཡེམ་མ་ལྕམ་སྲིང་གཉིས་ཀྱི་དཔེ།
དེ་ཡང་དཀོན་མཆོག་ཡ་ཝཱེའི་བཀའ་ནི་ང་ལ་བྱུང་ནས་འདི་སྐད་དུ། ཀྱེ་མིའི་བུ། མ་གཅིག་ལས་སྐྱེས་པའི་བུད་མེད་གཉིས་ཡོད་དེ། དེ་གཉིས་ཀས་ཨེ་ཅིབ་ཡུལ་ནས་ལོག་གཡེམ་བྱས་ཤིང་གཞོན་དུས་སུ་ལོག་གཡེམ་བྱས་ནས། ཡུལ་དེར་དེ་གཉིས་ཀྱི་བྲང་ཁར་འབྱར་བ་དང་། ཡུལ་དེར་དེ་གཉིས་ཀྱི་ན་ཆུང་བུ་མོའི་ནུ་མར་མི་ཡིས་རེག་པའོ། ། དེ་གཉིས་ལས་གཅེན་མོའི་མིང་ལ་ཨོ་ཧོ་ལཱ་ཞེས་དང་། གཅུང་མོའི་མིང་ལ་ཨོ་ཧོ་ལི་བཱ་ཞེས་བྱ་སྟེ། དེ་གཉིས་ཀ་ངའི་ཆུང་མ་རུ་གྱུར་ནས་བུ་དང་བུ་མོ་སྐྱེས་པ་དང་། དེ་གཉིས་ཀྱི་མིང་བརྗོད་ན། ཨོ་ཧོ་ལཱ་ནི་སཱ་མར་ཡ་དང་། ཨོ་ཧོ་ལི་བཱ་ནི་ཡེ་རུ་སཱ་ལེམ་ཡིན་ནོ། ། ཨོ་ཧོ་ལཱ་ངའི་ཆུང་མ་བྱས་རྗེས་ད་དུང་ལོག་གཡེམ་སྤྱད་ཅིང་། མོའི་དགའ་རོགས་ཏེ་ཨ་སུར་པའི་དམག་མི་ཞིག་ལ་ཆགས་པ་སྟེ། དེ་དག་ནི་གོས་རྒྱ་སྨུག་གྱོན་པའི་སྤྱི་དཔོན་དང་འགོ་དཔོན་རྣམས་ཡིན་ལ། དེ་ཐམས་ཅད་བྱད་གཟུགས་ལེགས་པའི་ན་གཞོན་ཡིན་ཞིང་། རྟ་ལ་ཞོན་པའི་རྟ་དམག་ཡིན། ཨོ་ཧོ་ལཱ་ནི་ཨ་སུར་པ་དེ་དག་ལས་བྱད་གཟུགས་ཆེས་ལེགས་པའི་ན་གཞོན་དང་ལོག་གཡེམ་བྱས་ཤིང་། མོས་རང་ཉིད་ཡིད་སྨོན་འཆོར་སའི་མི་རེ་རེ་དང་དེ་དག་གི་སྐུ་འདྲ་རྣམས་ཀྱི་ཕྱིར་དུ་རང་ཉིད་བཙོག་པར་བཟོས་པ་རེད། མོ་ནི་ཨེ་ཅིབ་ཡུལ་གྱི་གཡེམ་སྤྱོད་དང་ཁ་མ་བྲལ་ཏེ། དུས་དེར་མོ་ནི་ལོ་ན་གཞོན་ཞིང་། མི་རྣམས་མོ་དང་འགྲོགས་ཏེ་ན་ཆུང་བུ་མོའི་ནུ་མར་རེག་ཅིང་། རང་རང་གི་འདོད་ཆགས་དེ་མོའི་སྟེང་དུ་བླུགས་སོ། ། དེ་བས་ངས་མོ་ནི་མོས་ཡིད་སྨོན་བྱེད་པའི་ཨ་སུར་པ་སྟེ། མོའི་དགའ་རོགས་ཀྱི་ལག་ཏུ་གཏད་པ་ཡིན། 10 མི་དེ་དག་གིས་མོའི་ཁོག་སྨད་རྗེན་པར་བཏོན་ནས། མོའི་བུ་དང་བུ་མོ་རྣམས་བཙོན་དུ་ཁྲིད་པ་དང་མོ་རལ་གྲིས་བསད་དེ། བུད་མེད་རྣམས་ཀྱི་ནང་དུ་མོ་ལ་མིང་ངན་ཐོགས་སོ། །གང་ལ་ཞེ་ན། དེ་དག་གིས་མོར་ཉེས་ཆད་བཅད་པས་སོ། །
11 མོའི་གཅུང་མོ་ཨོ་ཧོ་ལི་བཱ་ཡིས་དེ་མཐོང་ཡང་། ད་དུང་འདོད་ཆགས་ནི་རང་གི་གཅེན་མོ་ལས་ཀྱང་ཐུ་ཞིང་། མོའི་གཡེམ་སྤྱོད་ནི་གཅེན་མོའི་གཡེམ་སྤྱོད་ལས་ཀྱང་དྲགས་སོ། ། 12 མོ་ནི་རང་གི་ཁྱིམ་མཚེས་ཨ་སུར་པ་རྣམས་ཏེ་མཆོར་ཉམས་ལྡན་པའི་གོས་གྱོན་ཞིང་རྟ་ལ་ཞོན་པའི་སྤྱི་དཔོན་དང་འགོ་དཔོན་རྣམས་ལ་ཤིན་ཏུ་ཞེན་ཆགས་པ་དང་། དེ་དག་ཐམས་ཅད་བྱད་གཟུགས་ལེགས་པའི་ན་གཞོན་ཡིན་ནོ། ། 13 ངས་མོ་ནི་བཙོག་པར་བཟོས་པ་མཐོང་སྟེ། གཅེན་གཅུང་གཉིས་ཀྱི་སྤྱོད་ལམ་གཅིག་མཚུངས་ཡིན་ནོ། ། 14 ཨོ་ཧོ་ལི་བཱ་ཡིས་དེ་ལས་ལྷག་པར་ལོག་གཡེམ་བྱས། མོས་རྩིག་ངོས་སུ་བྲིས་པའི་འདྲ་པར་ཏེ། ཚོན་མདོག་དམར་པོས་བྲིས་པའི་ཀལ་དི་པའི་གཟུགས་བརྙན་མཐོང་བ་དང་། 15 དེ་ཚོའི་རྐེད་པར་སྐེ་རགས་བཅིངས་ཤིང་། མགོ་ལ་ཐུར་དུ་འཕྱང་བའི་མགོ་དཀྲིས་ཡོད་ལ། དེ་ཚོར་བལྟས་ཚེ་ཐམས་ཅད་དམག་དཔོན་དང་འདྲ་ཞིང་། པཱ་པེལ་ལོན་གྱི་མི་དང་མཚུངས་པ་ཡིན། ཀལ་དི་ཡུལ་ནི་དེ་ཚོའི་སྐྱེས་ས་ཡིན་ནོ། ། 16 ཨོ་ཧོ་ལི་བཱ་ཡི་མིག་གིས་མཐོང་མ་ཐག་ཏུ་དེ་རྣམས་ལ་ཆགས་ཤིང་། མོས་ཀལ་དི་ཡུལ་དུ་ཕོ་ཉ་རྣམས་མངགས་ནས་དེ་ཚོར་འཕྲད་དུ་སོང་བ་རེད། 17 དེ་ནས་པཱ་པེལ་ལོན་གྱི་མི་རྣམས་འོངས་ནས་མོའི་བརྩེ་དུང་གི་མལ་ཁྲིར་འཛེགས་ཏེ། མོ་དང་ལོག་གཡེམ་བྱས་ནས་མོ་བཙོག་པར་བཟོས་ཤིང་། དེ་དག་གིས་མོ་བཙོག་པར་བཟོས་རྗེས་མོའི་སེམས་ནི་དེ་དག་དང་ཁ་ཐག་ཇེ་རིང་དུ་སོང་སྟེ། 18 མོས་རང་གི་གཡེམ་སྤྱོད་མ་སྦས་པ་དང་། རང་གི་ཁོག་སྨད་ཕྱི་རུ་མངོན་པས་ན། སྔར་ངའི་སེམས་ནི་མོའི་གཅེན་མོ་དང་ཁ་ཐག་ཇེ་རིང་དུ་སོང་བ་བཞིན་དུ་ངའི་སེམས་མོ་དང་རིང་དུ་གྱེས། 19 དེའི་སྟེང་དུ་མོས་ཨེ་ཅིབ་ཡུལ་དུ་ལོག་གཡེམ་བྱས་པའི་རང་གི་ན་གཞོན་གྱི་དུས་རྣམས་དྲན་ནས་ལྷག་པར་ལོག་གཡེམ་བྱས་སོ། ། 20 མོ་ནི་རང་གི་དགའ་རོགས་ལ་ཞེན་ཆགས་ཤིང་། དེ་དག་གི་ཁོག་སྨད་ནི་བོང་བུའི་ཁོག་སྨད་བཞིན་དང་། དེ་དག་གིས་ཁམས་དཀར་འབྱིན་པ་ནི་རྟ་བཞིན་ཡིན་ནོ། ། 21 དེ་ལྟར་ཁྱོད་ཀྱིས་རང་ཉིད་ན་གཞོན་ཡིན་དུས་སུ་འདོད་གཡེམ་བྱས་པ་དེ་དྲན་ཞིང་། དུས་དེར། ཨེ་ཅིབ་པས་ཁྱོད་ཀྱི་བྲང་ལ་འབྱར་ཞིང་ཁྱོད་ན་གཞོན་ཡིན་དུས་ཀྱི་ནུ་མར་རེག་པའོ། ། 22 དེ་བས་ན་ཀྱེ་ཨོ་ཧོ་ལི་བཱ། གཙོ་བོ་ཡ་ཝཱེས་འདི་སྐད་དུ། ལྟོས་དང་། ངས་ཁྱོད་ཀྱི་སེམས་སུ་ཁ་ཐག་ཇེ་རིང་དུ་སོང་བའི་ཁྱོད་ཀྱི་དགའ་རོགས་ལ་བསྐུལ་ནས། ཁྱོད་ལ་རྒོལ་དུ་ངས་དེ་དག་ཕྱོགས་བཞི་ནས་ཁྲིད་འོང་ཞིང་། 23 དེ་དག་ནི་པཱ་པེལ་ལོན་པ་དང་། ཀལ་དི་པ་ཐམས་ཅད། ཕེ་ཀོད་པ། ཤོ་ཨ་པ། ཀོ་ཨ་པ་བཅས་དང་། ལྷན་ཅིག་ཏུ་ད་དུང་ཨ་སུར་པ་ཡང་ཡོད་ལ། དེ་དག་ཐམས་ཅད་ནི་སྤྱི་དཔོན་དང་འགོ་དཔོན་དང་། དམག་དཔོན་སྐད་གྲགས་ཅན་དང་དམག་མི་བྱེད་པའི་ན་གཞོན་བྱད་གཟུགས་ལེགས་པོ་ཅན་ཡིན་ཞིང་། ཐམས་ཅད་རྟ་ལ་ཞོན་མཁན་ཡིན་ནོ། ། 24 དེ་དག་གིས་མཚོན་ཆ་བཟུང་ནས་ཤིང་རྟ་དང་དམག་རྟ། དམག་དཔུང་ཆེན་པོ་དང་བཅས་འོངས་ཏེ་ཁྱོད་ལ་རྒོལ་བར་འགྱུར་ཞིང་། དེ་དག་གི་ལག་ཏུ་ཕུབ་ཆེ་ཆུང་གཉིས་ཀ་བཟུང་སྟེ། རྨོག་ཞྭ་གྱོན་ཞིང་། ཕྱོགས་བཞི་ནས་དམག་བསྒྲིགས་ཏེ་ཁྱོད་ལ་རྒོལ་བ་ཡིན། ཡང་ངས་ཉེས་ཆད་གཅོད་པའི་དབང་ནི་དེ་དག་ལ་སྦྱིན་ཞིང་། དེ་དག་གིས་རང་གི་གོམས་སྲོལ་ལྟར་ཁྱོད་ལ་ཉེས་ཆད་གཅོད་པར་འགྱུར། 25 ཡང་ངས་རང་གི་ཞེ་སྡང་ཁྱོད་ཀྱི་སྟེང་དུ་འབར་བར་བྱ། དེ་ཚོས་ཁྱོད་ལ་ཁོང་ཁྲོ་ཆེན་པོའི་སྤྱོད་སྟངས་འཛིན་ཞིང་། ཁྱོད་ཀྱི་སྣ་དང་རྣ་བ་གཅོད་པ་དང་། ཁྱོད་ཀྱི་ལྷག་ལུས་རྣམས་ནི་རལ་གྲིའི་འོག་ཏུ་འགྱེལ་བར་འགྱུར་ལ། དེ་ཚོས་ཁྱོད་ཀྱི་བུ་དང་བུ་མོ་རྣམས་འཛིན་པ་དང་ལྷག་ལུས་རྣམས་མེ་ཡིས་ཁྱུར་མིད་གཏོང་བར་འགྱུར། 26 དེ་དག་གིས་ཁྱོད་ཀྱི་གོས་རྣམས་བཤུས་ནས་ཁྱོད་ཀྱི་ཡིད་དུ་འོང་བའི་རྒྱན་ཆ་རྣམས་ཀྱང་འཕྲོག་པར་འགྱུར། 27 དེ་ལྟར་ངས་ཁྱོད་ཀྱི་གཡེམ་སྤྱོད་དང་ཨེ་ཅིབ་ཡུལ་ནས་ཁྱོད་ལ་འགོས་པའི་གཡེམ་སྦྱོར་ནི་ཁྱོད་དང་འབྲལ་བར་བྱེད་ཅིང་། དེ་ནས་ཁྱོད་ཀྱི་མིག་གིས་དེ་དག་ལ་རེ་ལྟོས་མི་བྱེད་ལ། ཁྱོད་ཀྱིས་ཨེ་ཅིབ་ཡུལ་དྲན་པར་ཡང་མི་འགྱུར་རོ། ། 28 གང་ལ་ཞེ་ན། གཙོ་བོ་ཡ་ཝཱེས་འདི་སྐད་དུ། ལྟོས་དང་། ངས་ཁྱོད་ནི་ཁྱོད་རང་སྡང་བའི་མི་སྟེ་སེམས་སུ་ཁ་ཐག་ཇེ་རིང་དུ་སོང་བའི་ལག་ཏུ་གཏོད་པར་བྱ། 29 དེ་དག་ཁྱོད་ལ་སྡང་ཞིང་། ཁྱོད་ཀྱིས་ངལ་ལས་བརྒྱབ་ནས་ཐོབ་པ་རྣམས་འཕྲོག་པར་འགྱུར་ལ། ཁྱོད་ནི་གཅེར་བུར་ལུས་སུ་འཇུག་པ་དང་། དེ་ནས་ཁྱོད་ཀྱི་ལོག་གཡེམ་བྱས་པའི་ཁོག་སྨད་དང་། འདོད་གཡེམ་དང་གཡེམ་སྦྱོར་དག་ཕྱི་རུ་མངོན་པར་འགྱུར་རོ། ། 30 ཁྱོད་ནི་ཕྱི་ཕྱོགས་པའི་རྗེས་སུ་འབྲངས་ཏེ་ལོག་གཡེམ་བྱས་ཤིང་། དེ་ཚོའི་སྐུ་འདྲས་རང་ཉིད་བཙོག་པར་བཟོས་པས་ན། དོན་དེ་དག་ཁྱོད་ཀྱི་སྟེང་དུ་འབྱུང་ངེས་ཡིན་ནོ། ། 31 དེ་ཡང་ཁྱོད་ནི་རང་གི་གཅེན་མོའི་ལམ་ལ་ཞུགས་པས། ངས་མོའི་ཕོར་བ་ཁྱོད་ཀྱི་ལག་ཏུ་གཏོད་པར་འགྱུར་རོ། ། 32 གཙོ་བོ་ཡ་ཝཱེས་འདི་སྐད་དུ། ཁྱོད་ཀྱིས་རང་གི་གཅེན་མོས་འཐུང་བའི་ཕོར་བ་ལས་བཏུང་བར་འགྱུར་ཞིང་། ཕོར་བ་དེ་ནི་ཆེ་ཞིང་གཏིང་ལ་མང་པོ་ཤོང་བས། ཁྱོད་ནི་འཕྱ་དགོད་དང་ཟུར་ཟའི་ཡུལ་དུ་འགྱུར་རོ། ། 33 ཁྱོད་ནི་ཆང་གིས་རབ་ཏུ་བཟི་ནས་སྡུག་བསྔལ་གྱིས་མནར་ཞིང་། དེ་ནི་འཇིགས་སྐྲག་དང་སྟོངས་པའི་ཕོར་བ་ཡིན་ཏེ། ཁྱོད་ཀྱི་གཅེན་མོ་སཱ་མར་ཡའི་ཕོར་བ་ཡིན་ནོ། ། 34 ཁྱོད་ཀྱིས་ཕོར་བ་འདི་ལས་བཏུང་བར་མ་ཟད་བཏུང་ཚར་བར་འགྱུར་ལ། དེ་ནས་ཕོར་བ་དེ་དུམ་བུར་གཅོག་པ་དང་རང་གི་བྲང་ཁ་རྨས་པར་བྱའོ། །གང་ལ་ཞེ་ན། དེ་ནི་ངས་སྔར་སྨྲས་ཟིན་པའོ་ཞེས་གཙོ་བོ་ཡ་ཝཱེས་གསུངས་སོ། ། 35 དེ་བས་གཙོ་བོ་ཡ་ཝཱེས་འདི་སྐད་དུ། ཁྱོད་ཀྱིས་ང་བརྗེད་དེ་ང་རང་རྒྱབ་ཏུ་དོར་བས། ཁྱོད་ཀྱིས་རང་གི་འདོད་གཡེམ་དང་གཡེམ་སྦྱོར་གྱི་མཇུག་འབྲས་འཁུར་དགོས་ཞེས་པའོ་ཞེས་གསུངས་སོ། །
བུད་མེད་གཉིས་ཀྱི་གཡེམ་སྦྱོར་ལ་གཤེ་གཤེ་དྲག་པོ་གཏོང་བ།
36 ཡང་དཀོན་མཆོག་ཡ་ཝཱེས་ང་ལ་འདི་སྐད་དུ། ཀྱེ་མིའི་བུ། ཁྱོད་ཀྱིས་ཨོ་ཧོ་ལཱ་དང་ཨོ་ཧོ་ལི་བཱ་གཉིས་ལ་ཁྲིམས་ཐག་གཅོད་དམ། ཁྱོད་ཀྱིས་དེ་གཉིས་ལ་ཁོ་ཚོའི་ཞེན་ལོག་གི་དོན་རྣམས་སྟོན་ཅིག 37 གང་ལ་ཞེ་ན། དེ་གཉིས་ཀྱིས་ལོག་གཡེམ་བྱས་ཏེ། ལག་པར་ཁྲག་འགོས་པ་དང་། རང་གི་སྐུ་འདྲ་རྣམས་དང་མཉམ་དུ་ལོག་གཡེམ་སྤྱད་དེ། ངའི་དོན་དུ་སྐྱེས་པའི་རང་གི་བུ་ཕྲུག་རྣམས་ཀྱང་མེ་བརྒྱུད་ནས་སྐུ་འདྲའི་ཁ་ཟས་སུ་ཕུལ་ཏོ། ། 38 དེ་ཀུན་གྱི་སྟེང་དུ་ཉིན་དེ་ལ། དེ་ཚོས་ངའི་གནས་དམ་པ་བཙོག་པར་བཟོས་པའི་དོན་འདི་ཡང་ང་ལ་བྱས་ཤིང་། ངའི་ངལ་གསོ་བའི་ཉིན་མོ་ཡང་ཁྱད་དུ་བསད་དོ། ། 39 དེ་དག་གིས་རང་གི་བུ་ཕྲུག་རྣམས་བསད་དེ་སྐུ་འདྲར་ཕུལ་བ་དང་། ཉིན་དེར་ཡང་ངའི་གནས་དམ་པ་རུ་ཞུགས་ནས་གནས་དམ་པ་བཙོག་པར་བཟོས་པ་ཡིན། ལྟོས་དང་། དེ་ནི་ཁོ་ཚོས་ངའི་གནས་དམ་པ་རུ་སྤྱད་པའི་ལས་ཡིན་ནོ། ། 40 དེ་མི་ཚད་ཁྱོད་ཚོས་རྒྱང་རིང་ཡུལ་ནས་སྐྱེས་པ་རྣམས་བསུ་རུ་ཕོ་ཉ་མངགས་ཏེ། ལྟོས་དང་། ཕོ་ཉ་དེར་སླེབས་ཚེ། སྐྱེས་པ་དེ་རྣམས་ཀྱང་འོངས་ཤིང་། ཁྱོད་ཚོས་དེ་དག་གི་ཕྱིར་དུ་ཁྲུས་བྱས་པ་དང་། མིག་ལ་རྩི་བསྐུས་ཤིང་རྒྱན་གྱིས་སྤྲས་ནས། 41 ཁྱོད་རྣམས་ཡིད་དུ་འོང་བའི་འབོལ་ཁྲི་སྟེང་དུ་བསྡད་དེ། འབོལ་ཁྲིའི་མདུན་དུ་ཅོག་ཙེ་ཞིག་བཞག་ཅིང་། ངའི་སྤོས་དང་སྣུམ་ནི་དེའི་སྟེང་དུ་བཞག་གོ ། 42 དེར་མི་ཚོགས་ཀྱི་སྣང་བ་སྐྱིད་པའི་སྐད་སྒྲ་ཡོད་པ་དང་། མི་ཐ་མལ་བ་དང་ཆང་རྐྱལ་རྣམས་དབེན་སྟོང་ཡུལ་ནས་ཁྲིད་འོངས་ཏེ། དེ་དག་གིས་བུད་མེད་གཉིས་ཀྱི་ལག་པར་གདུབ་བུ་དང་། མཛེས་པའི་ཅོད་པན་མགོ་ལ་བསྐོན་ཏོ། ། 43 ཡང་ལོག་གཡེམ་བྱས་ནས་ཉམས་རྒུད་དུ་གྱུར་པའི་བུད་མེད་འདིའི་སྐོར་ལ་ངས་འདི་སྐད་དུ། ད་ལྟ་མི་གཞན་རྣམས་ཀྱིས་དེ་དང་ལོག་གཡེམ་བྱེད་པར་འགྱུར་ཏེ། གང་ལ་ཞེ་ན། མོ་ནི་མ་གཞི་ནས་གཡེམ་མ་ཞིག་ཡིན་པས་སོ་ཞེས་སྨྲའོ། ། 44 མི་རྣམས་མོ་དང་འགྲོགས་ཤིང་། མི་རྣམས་ཅི་ལྟར་སྨད་འཚོང་མ་དང་འགྲོགས་པ་ཡིན་ན། འདོད་གཡེམ་ཅན་གྱི་བུད་མེད་ཨོ་ཧོ་ལཱ་དང་ཨོ་ཧོ་ལི་བཱ་གཉིས་ལ་ཡང་དེ་ལྟར་འགྲོགས་སོ། ། 45 ཡིན་ཡང་དྲང་བདེན་ཅན་གྱིས་གཡེམ་མ་དང་མི་ལ་ཁྲག་བཞུར་དུ་བཅུག་པའི་བུད་མེད་ཀྱི་ཁྲིམས་ཆད་བཞིན་དེ་གཉིས་ལའང་ཁྲིམས་ཐག་གཅོད་པར་འགྱུར་ཏེ། གང་ལ་ཞེ་ན། ཁོ་གཉིས་ནི་གཡེམ་མ་ཡིན་ཞིང་། ལག་པར་ཁྲག་འགོས་ཡོད་པས་སོ། ། 46 གང་ལ་ཞེ་ན། གཙོ་བོ་ཡ་ཝཱེས་འདི་སྐད་དུ། ངས་མི་མང་པོ་ཞིག་དེ་གཉིས་ལ་རྒོལ་དུ་འོང་བར་བཅུག་སྟེ། དེ་གཉིས་འཇིགས་ཤིང་མི་ཡིས་འཕྲོག་བཅོམ་བྱེད་པར་འགྱུར། 47 མི་དེ་དག་གིས་དེ་གཉིས་རྡོ་རུབ་བཏང་ནས་རལ་གྲིས་གཏུབ་ཅིང་། ཡང་དེ་གཉིས་ཀྱི་བུ་དང་བུ་མོ་རྣམས་གསོད་པ་དང་། དེ་ཚོའི་ཁང་པ་རྣམས་མེས་བསྲེག་པར་འགྱུར། 48 དེ་ལྟར་བུད་མེད་ཀུན་ལ་དྲན་སྐུལ་ཐོབ་ནས། ཁྱོད་རྣམས་ཀྱིས་འདོད་གཡེམ་སྤྱད་པ་བཞིན་དུ་མི་སྤྱོད་པའི་ཕྱིར་དུ། ངས་འདོད་གཡེམ་དེ་ཡུལ་འདི་ནས་མཚམས་གཅོད་དོ། ། 49 མི་ཡིས་ཁྱོད་རྣམས་ཀྱི་ལོག་གཡེམ་བྱས་པའི་ལན་ནི་ཁྱོད་ཅག་གི་སྟེང་དུ་འཇལ་ཞིང་། ཁྱོད་རྣམས་ཀྱིས་རང་གིས་སྐུ་འདྲར་ཕྱག་བཙལ་བའི་སྡིག་པ་འཁུར་དགོས་ལ། དེ་ནས་ཁྱོད་ཚོས་བདག་ནི་གཙོ་བོ་ཡ་ཝཱེ་ཡིན་པ་རྟོགས་པར་འགྱུར་ཞེས་གསུངས་སོ། །