ལེའུ་སོ་བདུན་པ།
ཀེང་རུས་སླར་སོས་པའི་ཞལ་གཟིགས།
དཀོན་མཆོག་ཡ་ཝཱེའི་ཕྱག་ནི་ངའི་སྟེང་དུ་བཞག་སྟེ། ཁོང་གིས་ཉིད་ཀྱི་ཐུགས་ཉིད་ཀྱིས་ང་རང་ཕྱི་རུ་ཁྲིད་དེ། ང་རང་ཀེང་རུས་ཀྱིས་ཁེངས་པའི་ཐང་ཞིག་ཏུ་བཞག་གོ ། ཁོང་གིས་ང་ཁྲིད་ནས་ཀེང་རུས་ཀྱི་ཕྱོགས་བཞི་རུ་ཕྱིན་པ་དང་། ཐང་དེ་རུ་ཀེང་རུས་ཤིན་ཏུ་མང་པོ་ཡོད་པ་ངས་མཐོང་སྟེ། རུས་པ་དེ་དག་ཤིན་ཏུ་སྐམ་པོ་ཡིན་ནོ། ། དེ་ནས་ཁོང་གིས་ང་ལ་འདི་སྐད་དུ། ཀྱེ་མིའི་བུ། ཀེང་རུས་འདི་དག་གསོན་པོར་འགྱུར་སྲིད་དམ་ཞེས་བཀའ་འདྲི་གནང་བའི་ལན་དུ། ངས་གཙོ་བོ་ཡ་ཝཱེ་ལགས། ཁྱེད་ཀྱིས་མཁྱེན་ནོ་ཞེས་ཞུས། ཡང་ཁོང་གིས་ང་ལ་འདི་སྐད་དུ། ཁྱོད་ཀྱིས་ཀེང་རུས་འདི་དག་ལ་འདི་ལྟར་སྨྲོས་ཤིག ཀྱེ་ཀེང་རུས་སྐམ་པོ་རྣམས། ཁྱོད་ཚོས་དཀོན་མཆོག་ཡ་ཝཱེའི་བཀའ་ལ་ཉོན་ཅིག གཙོ་བོ་ཡ་ཝཱེས་ཀེང་རུས་འདི་དག་ལ་འདི་སྐད་དུ། ལྟོས་དང་། ངས་ཁྱོད་ཚོའི་ནང་དུ་དབུགས་ * འདིར་དབུགས་ཞེས་པར་མ་ཕྱི་ལས་རོའུ་ཨག་ཅེས་བྱ་ཞིང་། དེ་ནི་དབུགས་དང་སེམས་ཉིད། རླུང་བཅས་ལ་འཇུག་པ་ཡིན། བཏང་ན་ཁྱོད་རྣམས་གསོན་པར་འགྱུར་ཞིང་། ངས་ཁྱོད་རྣམས་ལ་ཤ་དང་རྩ་རྒྱུས་སྐྱེ་རུ་བཅུག་ནས། ཁྱོད་རྣམས་སྐྱི་མོས་གཡོགས་ཏེ་ཁྱོད་ཚོའི་ནང་དུ་དབུགས་བཏང་ན་ཁྱོད་རྣམས་གསོན་པར་འགྱུར་ལ། དེ་ནས་ཁྱོད་ཚོས་བདག་ནི་ཡ་ཝཱེ་ཡིན་པ་རྟོགས་པར་འགྱུར་ཞེས་པའོ་ཞེས་གསུངས་སོ། ། དེ་ནས་ངས་བཀའ་བཞིན་དུ་ལུང་བསྟན་ཅིང་། ངས་ལུང་སྟོན་བཞིན་པའི་དུས་སུ་སྒྲ་ཞིག་གྲགས་པ་ཐོས་བྱུང་། དེ་ནི་རུས་པ་དང་རུས་པ་ཕན་ཚུན་འབྲེལ་བའི་སྒྲ་རེད། ངས་བལྟས་པ་ན། རུས་པར་རྩ་རྒྱུས་སྐྱེས་ནས་ཤ་རྒྱས་པ་དང་། སྐྱི་མོས་དེ་གཡོགས་ཡོད་ཀྱང་། དེ་དག་གི་ནང་དུ་ད་དུང་དབུགས་ནི་མེད་དོ། ། ཡང་ཁོང་གིས་ང་ལ་འདི་སྐད་དུ། ཁྱོད་ཀྱིས་དབུགས་ལ་ལུང་སྟོན་ཅིག ཀྱེ་མིའི་བུ། ཁྱོད་ཀྱིས་ལུང་སྟོན་ཅིག ཁྱོད་ཀྱིས་དབུགས་ལ་འདི་ལྟར་སྨྲོས་ཤིག ཀྱེ་དབུགས་ཁྱོད་ནི་ཕྱོགས་བཞི་ནས་ཚུར་ཤོག་དང་། བསད་པའི་མི་འདི་དག་ལ་དབུགས་བཏང་ནས་དེ་རྣམས་གསོན་པར་གྱིས་ཤིག་ཅེས་པའོ་ཞེས་གཙོ་བོ་ཡ་ཝཱེས་གསུངས་སོ། ། 10 དེ་ནས་ངས་བཀའ་བཞིན་དུ་ལུང་བསྟན་པ་ན། དབུགས་ནི་བེམ་པོ་རྣམས་ཀྱི་ནང་དུ་ཞུགས་ནས་དེ་དག་གསོན་པར་གྱུར་ཏེ་ཡར་ལངས་ནས་དཔུང་ཚོགས་རབ་ཏུ་ཆེན་པོ་ཞིག་ཏུ་གྱུར་ཏོ། །
ཀེང་རུས་ཀྱི་གོ་དོན།
11 ཁོང་གིས་ང་ལ་འདི་སྐད་དུ། ཀྱེ་མིའི་བུ། ཀེང་རུས་འདི་དག་ནི་ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་རྣམས་ཡིན་ཏེ། ཁོ་ཚོས་རྒྱུན་དུ་ན་རེ། ལྟོས་དང་། ང་ཚོའི་ཀེང་རུས་ནི་ཡོངས་སུ་སྐམ་ཞིང་རེ་བ་རྣམས་ཟད་དེ། ངེད་རྣམས་མེད་པར་གྱུར་ཏོ་ཟེར་བས། 12 ཁྱོད་ཀྱིས་དེ་ཚོར་འདི་ལྟར་ལུང་སྟོན་ཅིག གཙོ་བོ་ཡ་ཝཱེས་འདི་སྐད་དུ། ཀྱེ་བདག་གི་འབངས་མི་རྣམས། ལྟོས་དང་། ངས་ཁྱོད་ཚོའི་དུར་ཁུང་ཕྱེས་ཏེ་ཁྱོད་རྣམས་དུར་ཁུང་ནས་ཕྱི་རུ་བཏོན་ཏེ། ཕྱིར་ཡེས་ར་ཨེལ་ཡུལ་དུ་འཁྲིད་པར་བྱའོ། ། 13 ཀྱེ་བདག་གི་འབངས་མི་རྣམས། ངས་ཁྱོད་ཚོའི་དུར་ཁུང་ཕྱེས་ཏེ་ཁྱོད་རྣམས་དུར་ཁུང་ནས་ཕྱི་རུ་འདོན་པའི་སྐབས་སུ། ཁྱོད་ཚོས་བདག་ནི་ཡ་ཝཱེ་ཡིན་པ་རྟོགས་པར་འགྱུར། 14 ངས་རང་གི་སེམས་ཉིད་ཁྱོད་ཚོའི་ནང་དུ་བཞག་ནས་ཁྱོད་རྣམས་གསོན་པར་འགྱུར་ཞིང་། ངས་ཁྱོད་རྣམས་རང་གི་ཡུལ་དུ་འཇོག་པར་བྱ། དེ་ནས་ཁྱོད་ཚོས་ང་ཡ་ཝཱེས་སྨྲས་པ་དེ་འགྲུབ་པར་བྱེད་པ་རྟོགས་སོ་ཞེས་དཀོན་མཆོག་ཡ་ཝཱེས་དེ་སྐད་གསུངས་ཞེས་པའོ་ཞེས་གསུངས་སོ། །
དབྱུག་པ་གཉིས་གཅིག་ཏུ་གྱུར་པའི་དཔེ།
15 དེ་ཡང་དཀོན་མཆོག་ཡ་ཝཱེའི་བཀའ་ནི་ང་ལ་བྱུང་ནས་འདི་སྐད་དུ། 16 ཀྱེ་མིའི་བུ། ཁྱོད་ཀྱིས་དབྱུག་པ་ཞིག་བླངས་ནས་དེའི་སྟེང་དུ། ཡ་ཧུ་དཱ་དང་དེ་དང་མཉམ་དུ་ཡོད་པའི་ཡེས་ར་ཨེལ་པ་རྣམས་ཀྱི་ཕྱིར་ཞེས་ཕྲིས་ཤིག ཡང་དབྱུག་པ་གཞན་ཞིག་བླངས་ཏེ་དེའི་སྟེང་དུ་ཨེ་ཕཱར་ཡིམ་གྱི་དབྱུག་པ་སྟེ། ཡོ་སེབ་དང་དེའི་མཉམ་དུ་ཡོད་པའི་ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་ཡོངས་ཀྱི་ཕྱིར་ཞེས་ཕྲིས་ཤིག 17 ཁྱོད་ཀྱིས་དབྱུག་པ་འདི་གཉིས་མཉམ་དུ་སྦྲེལ་ནས་དེ་གཉིས་ཁྱོད་ཀྱི་ལག་ཏུ་དབྱུག་པ་གཅིག་ཏུ་འགྱུར་བར་གྱིས་དང་། 18 གལ་ཏེ་ཁྱོད་ཀྱི་མི་རྣམས་ཀྱིས་ཁྱོད་ལ། ཁྱོད་ཀྱིས་ངེད་རྣམས་ལ་དབྱུག་པ་འདིས་ཅི་མཚོན་པ་མི་བཤད་དམ་ཞེས་དྲིས་ན། 19 ཁྱོད་ཀྱིས་ཁོ་ཚོར་འདི་ལྟར། གཙོ་བོ་ཡ་ཝཱེས་འདི་སྐད་དུ། ལྟོས་དང་། ངས་ཨེ་ཕཱར་ཡིམ་གྱི་ལག་ཏུ་ཡོད་པའི་དབྱུག་པ་སྟེ། ཡོ་སེབ་དང་དེ་དང་མཉམ་དུ་ཡོད་པའི་ཡེས་ར་ཨེལ་གྱི་ཚོ་པ་རྣམས་ཀྱི་དབྱུག་པ་དེ་ནི་ཨེ་ཕཱར་ཡིམ་གྱི་ལག་ཏུ་ཡོད་པའི་དབྱུག་པ་སྟེ་ཡ་ཧུ་དཱའི་དབྱུག་པ་དང་མཉམ་དུ་སྦྲེལ་ནས། ངའི་ལག་ཏུ་དེ་གཉིས་ཀ་གཅིག་ཏུ་འགྱུར་བར་བྱའོ་ཞེས་སྨྲོས་ཤིག 20 ཁྱོད་ཀྱིས་ཡི་གེ་བྲིས་ཡོད་པའི་དབྱུག་པ་དེ་གཉིས་ནི་ཁོ་ཚོའི་མིག་མདུན་དུ་ལག་ལ་བཟུང་ནས། 21 ཁོ་ཚོར་འདི་ལྟར་སྨྲོས་ཤིག གཙོ་བོ་ཡ་ཝཱེས་འདི་སྐད་དུ། ལྟོས་དང་། ངས་ཡེས་ར་ཨེལ་པ་རྣམས་དེ་དག་འགྲོ་སའི་མི་རིགས་ཀུན་ནས་ཕྱི་རུ་ཁྲིད་འོང་དགོས་ལ། ཡང་དེ་རྣམས་ཕྱོགས་བཞི་ནས་བསྡུས་ཏེ་ཁོ་ཚོ་རང་གི་ཡུལ་དུ་ཁྲིད་འོང་བར་བྱའོ། ། 22 ངས་ཁོ་ཚོ་ཡུལ་དེ་རུ་ཡེས་ར་ཨེལ་གྱི་རི་བོ་རྣམས་སུ་རྒྱལ་ཁབ་གཅིག་ཏུ་བྱས་ཏེ། རྒྱལ་པོ་གཅིག་གིས་ཁོ་ཚོ་ཚང་མར་དབང་བསྒྱུར་བར་འགྱུར་བས། དེ་དག་ནམ་ཡང་རྒྱལ་ཁབ་གཉིས་སུ་མི་འགྱུར་ལ། ཡུལ་ཁམས་གཉིས་སུ་དབྱེ་བར་མི་འགྱུར་རོ། ། 23 ཡང་དེ་རྣམས་ཀྱིས་རང་གི་སྐུ་འདྲ་རྣམས་དང་ཞེན་ཁ་ལོག་པའི་གཟུགས་བརྙན་དང་། ཉེས་སྐྱོན་གང་གིས་ཀྱང་རང་ཉིད་བཙོག་པར་མི་བྱ་སྟེ། ངས་དེ་དག་སྡིག་པ་སྤྱད་པའི་གནས་ཀུན་ནས་སྐྱོབ་ཅིང་ངས་དེ་དག་གཙང་མར་བཟོས་ནས། དེ་དག་ངའི་འབངས་མི་དང་ང་རང་དེ་དག་གི་དཀོན་མཆོག་ཏུ་འགྱུར་རོ། །
དུས་གཏན་གྱི་ཞལ་ཆད།
24 ངའི་ཞབས་ཕྱི་དཱ་བིད་ནི་ཁོ་ཚོའི་རྒྱལ་པོར་འགྱུར་ཞིང་། དེ་ཐམས་ཅད་ལ་རྫི་བོ་གཅིག་ཁོ་ན་ཡོད་པ་དང་། ཡང་དེ་དག་གིས་ངའི་སྒྲིག་སྲོལ་བརྩི་ཞིང་། ངའི་ཁྲིམས་སྲོལ་རྣམས་བསྲུང་བར་འགྱུར། 25 ངས་རང་གི་ཞབས་ཕྱི་ཡ་ཀོབ་ལ་གནང་བའི་ཡུལ་ཏེ་ཁྱོད་ཅག་གི་ཕ་མེས་རྣམས་བསྡད་པའི་ཡུལ་དུ་ཁོ་རྣམས་སྡོད་པར་འགྱུར། དེ་དག་དང་དེ་དག་གི་བུ་རྒྱུད་རྣམས་དང་། བུ་རྒྱུད་ཀྱི་བུ་རྒྱུད་རྣམས་དུས་གཏན་དུ་དེ་རུ་གནས་པར་འགྱུར་ཞིང་། ངའི་ཞབས་ཕྱི་དཱ་བིད་ནི་དུས་གཏན་དུ་དེ་དག་གི་འགོ་དཔོན་དུ་འགྱུར་རོ། ། 26 ངས་དེ་དག་ལ་ཞི་བདེའི་ཁ་ཆད་ཅིག་འཇོག་པར་བྱ་སྟེ། དེ་ནི་དུས་གཏན་གྱི་ཁ་ཆད་ཅིག་ཡིན། ངས་དེ་དག་བརྟན་པོར་བཙུགས་ནས་ཁོ་ཚོའི་མི་གྲངས་འཕེལ་དུ་འཇུག་ཅིང་། ཡང་དེ་དག་གི་དབུས་སུ་ངའི་གནས་དམ་པ་ནི་དུས་གཏན་དུ་འཛུགས་པར་བྱའོ། ། 27 ངའི་བཞུགས་གནས་ཀྱང་དེ་དག་གི་ཁྲོད་དུ་ཡོད་ཅིང་། ང་ནི་དེ་དག་གི་དཀོན་མཆོག་དང་དེ་དག་ངའི་འབངས་མི་རུ་འགྱུར་རོ། ། 28 ངའི་གནས་དམ་པ་དེ་དུས་གཏན་དུ་ཁོ་ཚོའི་དཀྱིལ་དུ་ཡོད་པ་དང་། མི་རིགས་ཀུན་གྱིས་བདག་ནི་ཡ་ཝཱེ་ཡིན་པ་དང་། ཡེས་ར་ཨེལ་དམ་པར་མཛད་མཁན་ཡིན་པ་རྟོགས་པར་འགྱུར་གསུངས་ཞེས་པའོ་ཞེས་གསུངས་སོ། །

*ལེའུ་སོ་བདུན་པ།:5 འདིར་དབུགས་ཞེས་པར་མ་ཕྱི་ལས་རོའུ་ཨག་ཅེས་བྱ་ཞིང་། དེ་ནི་དབུགས་དང་སེམས་ཉིད། རླུང་བཅས་ལ་འཇུག་པ་ཡིན།