ལེའུ་ཞེ་གཅིག་པ།
མཆོད་ཁང་།
1 ཡང་དེས་ང་མཆོད་ཁང་དུ་ཁྲིད་ནས་སྒོ་སྒྲོམ་རྣམས་ཀྱི་ཚད་ཐིག་བླངས་པ་ན་གཡས་གཡོན་གཉིས་པོའི་མཐུག་ཚད་ལ་ཁྲུ་དྲུག་རེ་ཡོད་པ་དང་། ཞེང་གི་ཆེ་ཆུང་ནི་གུར་མཆོག་དང་འདྲའོ། ། 2 མཆོད་ཁང་གི་འཇུག་སྒོའི་ཞེང་ལ་ཁྲུ་བཅུ་ཡོད་པ་དང་། སྒོའི་ནང་འགྲམ་གྱི་རྩིག་པའི་མཐུག་ཚད་ལ་གཡས་གཡོན་གཉིས་སུ་ཁྲུ་ལྔ་རེ་ཡོད་ལ། ཡང་དེས་མཆོད་ཁང་གི་ཚད་ཐིག་བླངས་པ་ན་རིང་ཐུང་ལ་ཁྲུ་བཞི་བཅུ་དང་ཞེང་ལ་ཁྲུ་ཉི་ཤུ་ཡོད་པ་ཡིན། 3 དེ་མཆོད་ཁང་སྦུག་མར་ཕྱིན་ཏེ། སྒོ་ཁའི་སྒོ་སྒྲོམ་གྱི་ཚད་ཐིག་བླངས་པ་ན་རེ་རེའི་མཐུག་ཚད་ལ་ཁྲུ་གཉིས་རེ་ཡོད་པ་དང་། འཇུག་སྒོའི་ཞེང་ལ་ཁྲུ་དྲུག་དང་། སྒོའི་ནང་རོལ་གྱི་རྩིག་པའི་རིང་ཚད་ལ་ཁྲུ་བདུན་ཡོད། 4 དེས་མཆོད་ཁང་སྦུག་མའི་ཚད་ཐིག་བླངས་པ་ན། རིང་ཐུང་ལ་ཁྲུ་ཉི་ཤུ་དང་། ཞེང་ལ་ཁྲུ་ཉི་ཤུ་ཡོད་ཅིང་མཆོད་ཁང་ལ་གཏུག་ཡོད་པ་དང་། དེས་ང་ལ་ན་རེ། འདི་ནི་གནས་དམ་མཆོག་ཡིན་ཞེས་གསུངས་སོ། ། 5 དེས་མཆོད་ཁང་གི་རྩིག་པའི་ཚད་ཐིག་བླངས་པ་ན་མཐུག་ཚད་ལ་ཁྲུ་དྲུག་ཡོད་དེ། མཆོད་ཁང་གི་མཐའ་འཁོར་དུ་ཞེང་ལ་ཁྲུ་བཞི་ཅན་གྱི་ཁང་མིག་མང་པོ་ཡོད་པ་ཡིན། 6 ཁང་མིག་དེ་དག་བསྡོམས་པས་རིམ་པ་གསུམ་ཡོད་དེ། གཅིག་གི་སྟེང་དུ་གཅིག་བརྩེགས་ཡོད་ལ། རིམ་པ་གཅིག་ལ་ཁང་མིག་སུམ་ཅུ་ཡོད་དོ། །ཁང་པའི་ཀ་གདུང་མཆོད་ཁང་གི་རྩིག་པའི་ནང་དུ་མི་འཛུལ་བའི་ཆེད་དུ། མཆོད་ཁང་གི་རྩིག་པའི་མཐའ་འཁོར་དུ་རྩིག་པའི་ས་འབུར་ཡོད་པ་དེས་ཁང་མིག་རྣམས་བསྐྱོར་ཡོད་དོ། ། 7 མཆོད་ཁང་མཐའ་འཁོར་གྱི་ཁང་མིག་དེ་དག་ཇི་ལྟར་མཐོ་ན་ཞེང་དེ་ལྟར་ཆེ་ལ། མཆོད་ཁང་མཐའ་སྐོར་གྱི་ནང་གི་རྩིག་པ་རྣམས་རིམ་པ་གཅིག་ལས་གཅིག་སྲབ་པས་ན། ཁང་མིག་ཇི་ལྟར་མཐོ་ན་ཞེང་དེ་ལྟར་ཆེ་སྟེ། འོག་རིམ་བརྒྱུད་དེ་བར་རིམ་ནས་མཐོ་རིམ་ལ་རྒྱུ་བའི་སྐས་རྐང་ཡོད། 8 ཡང་ངས་སྟེགས་བུ་མཐོན་པོ་ཞིག་གིས་མཆོད་ཁང་བསྐོར་ཡོད་པ་མཐོང་སྟེ། ཁང་མིག་གི་རྨང་གཞི་ཡིན་པའི་སྟེགས་བུ་དེའི་མཐོ་ཚད་ལ་ལྕུག་མ་གཅིག་སྟེ་ཁྲུ་དྲུག་ཡོད། 9 ཁང་མིག་གི་ཕྱིའི་རྩིག་པའི་མཐུག་ཚད་ལ་ཁྲུ་ལྔ་ཡོད་དེ། མཆོད་ཁང་དང་མཆོད་དཔོན་གྱི་ཁང་མིག་རྣམས་ཀྱི་བར་དུ་ས་སྟོང་ཡོད་དོ། ། 10 མཆོད་ཁང་དང་མཆོད་དཔོན་དག་གི་ཁང་མིག་རྣམས་ཀྱི་བར་དུ་མཆོད་ཁང་གི་ཕྱོགས་བཞི་རུ་ས་སྟོང་ཡོད་དེ། ཞེང་ལ་ཁྲུ་ཉི་ཤུ་ཡོད་པ་ཡིན། 11 ཁང་མིག་དེ་ལ་ས་སྟོང་དུ་རྒྱུ་བའི་སྒོ་ཡོད་དེ། སྒོ་གཅིག་བྱང་ཕྱོགས་དང་སྒོ་གཅིག་ལྷོ་ཕྱོགས་སུ་འཁོར་ཡོད་ལ། ཁང་པ་དང་ས་སྟོང་གཉིས་ཀྱི་བར་ཐག་ལ་ཁྲུ་ལྔ་ཡོད་ཅིང་མཐའ་འཁོར་རྣམས་ཀྱང་དེ་བཞིན་ནོ། །
མཆོད་ཁང་གི་ཁྱམས་ར་དང་ཁང་པ་རྣམས།
12 ནུབ་ཕྱོགས་སུ་མཆོད་ཁང་གི་ཁྱམས་རའི་ས་སྟོང་ལ་འཁོར་བའི་ཁང་པ་ཞིག་ཡོད་དེ། ཞེང་ལ་ཁྲུ་བདུན་ཅུ་དང་རིང་ཚད་ལ་ཁྲུ་དགུ་བཅུ་ཡོད་དེ། ཁང་པའི་ཕྱོགས་བཞིའི་རྩིག་པ་ཡི་མཐུག་ཚད་ལ་ཁྲུ་ལྔ་ཡོད། 13 དེས་མཆོད་ཁང་གི་ཚད་ཐིག་བླངས་པ་ན་རིང་ཐུང་ལ་ཁྲུ་བརྒྱ་ཡོད་དེ། ཡང་མཆོད་ཁང་གི་ཁྱམས་རའི་ས་སྟོང་གི་ཚད་ཐིག་བླངས་པ་ན་ཁང་པ་དེ་དང་རྩིག་པ་ཡི་སྤྱིའི་རིང་ཚད་ལ་ཁྲུ་བརྒྱ་ཡོད་པ་ཡིན། 14 ཤར་ཕྱོགས་སུ་མཆོད་ཁང་མདུན་གྱི་ས་སྟོང་ནི་ཞེང་ལ་ཁྲུ་བརྒྱ་ཡོད་དོ། ། 15 དེས་མཆོད་ཁང་གི་ཁྱམས་རའི་ས་སྟོང་རྒྱབ་ཕྱོགས་ཀྱི་ཁང་པ་དང་། ཁང་པའི་འགྲམ་གཉིས་ཀྱི་བར་ཁྱམས་ཀྱི་ཚད་ཐིག་བླངས་པ་ན་སྤྱིའི་རིང་ཚད་ལ་ཁྲུ་བརྒྱ་ཡོད་ལ། 16 ཚོམས་ཁང་དང་མཆོད་ཁང་སྦུག་མ་དང་། ནང་གི་ཁྱམས་རའི་ཕྱོགས་སུ་འཁོར་བའི་སྒོ་ཁྱམས་དང་། སྒོ་ཐེམ་དང་། སྒེའུ་ཁུང་དང་། སྒོ་ཐེམ་ཁ་གཏད་ཀྱི་བར་ཁྱམས་རིམ་པ་གསུམ་བཅས་ཀྱི་མཐའ་འཁོར་དུ་ཤིང་ལེབ་ཀྱིས་བརྒྱན་ཡོད་པ་དང་། ས་ནས་སྒེའུ་ཁུང་གི་བར་དུ་སྒེའུ་ཁུང་ཐམས་ཅད་གཡོགས་ཡོད་པ་ཡིན། 17 མཆོད་ཁང་སྦུག་མའི་སྒོ་སྟེང་གི་རྩིག་པ་དང་། མཆོད་ཁང་སྦུག་མ་དང་ཚོམས་ཁང་ཕྱི་ནང་གི་ཕྱོགས་བཞིའི་རྩིག་པ་ཐམས་ཅད་ཚད་གཞི་ལྟར་ཤིང་ལེབ་ཀྱིས་གཡོགས་ཡོད་དོ། ། 18 ཀེ་རུབ་དང་ཤིང་ཏ་ལ་རྣམས་བརྐོས་ཡོད་དེ། ཀེ་རུབ་དང་ཀེ་རུབ་ཀྱི་བར་དུ་ཤིང་ཏ་ལ་རེ་ཡོད་པ་དང་། ཀེ་རུབ་རེ་ལ་ཞལ་གཉིས་ཡོད། 19 ཕྱོགས་གཅིག་ནས་མི་ཡི་གདོང་ཤིང་ཏ་ལའི་ཕྱོགས་སུ་འཁོར་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་སེང་གེའི་གདོང་ཤིང་ཏ་ལའི་ཕྱོགས་སུ་འཁོར་ཡོད་དེ། མཆོད་ཁང་ཧྲིལ་པོའི་ཕྱོགས་བཞི་པོར་དེ་ལྟར་བརྐོས་ཡོད་དོ། ། 20 མཆོད་ཁང་གི་རྩིག་པ་ནི་ས་ནས་སྒོ་ཡི་སྟེང་ཐམས་ཅད་ལ་ཀེ་རུབ་དང་ཤིང་ཏ་ལ་བརྐོས་ཡོད་དོ། ། 21 མཆོད་ཁང་གི་སྒོ་སྒྲོམ་ནི་གྲུ་བཞི་ཡིན་ཞིང་། གནས་དམ་མཆོག་མདུན་གྱི་སྒོ་སྒྲོམ་ཡང་དེ་དང་གཅིག་ཡིན། 22 མཆོད་ཁྲི་ནི་ཤིང་གིས་བཟོས་ཡོད་པ་དང་། དེའི་མཐོ་ཚད་ལ་ཁྲུ་གསུམ་དང་རིང་ཚད་ལ་ཁྲུ་གཉིས་ཡོད། མཆོད་ཁྲིའི་གྲུ་ཟུར་དང་མཆོད་ཁྲིའི་ཕྱོགས་བཞི་ཐམས་ཅད་ཤིང་གིས་བཟོས་པ་ཡིན། དེས་ང་ལ་འདི་ལྟར། འདི་ནི་དཀོན་མཆོག་ཡ་ཝཱེའི་དྲུང་དུ་འཇོག་བྱའི་གསོལ་ལྕོག་ཡིན་ནོ་ཞེས་གསུངས་སོ། ། 23 མཆོད་ཁང་དང་གནས་དམ་མཆོག་གཉིས་ལ་སྒོ་གླེགས་གཉིས་རེ་ཡོད་པ་དང་། 24 སྒོ་རེ་ལ་སྒོ་གླེགས་གཉིས་རེ་ཡོད་ལ། སྒོ་གླེགས་རེ་ལ་ངོས་གཉིས་རེ་ཡོད་པ་ལྟེབ་ཆོག་པ་ཡིན། 25 རྩིག་པའི་སྟེང་དུ་བརྐོས་ཡོད་པ་དང་མཚུངས་ཤིང་། མཆོད་ཁང་གི་སྒོ་གླེགས་སྟེང་དུའང་ཀེ་རུབ་དང་ཤིང་ཏ་ལ་བརྐོས་ཡོད་དེ། ཡང་ཕྱི་རོལ་གྱི་སྒོ་ཁྱམས་མདུན་དུ་ཤིང་གིས་བཟོས་པའི་མདའ་གཡབ་ཡོད་པ་ཡིན། 26 སྒོ་ཁྱམས་ཀྱི་འགྲམ་གཉིས་སུ་དམ་པོར་བརྒྱབ་པའི་སྒེའུ་ཁུང་དང་ཤིང་ཏ་ལ་ཡོད་ཅིང་། མཆོད་ཁང་གི་ཁང་མིག་ལའང་མདའ་གཡབ་ཡོད་དོ། །