ལེའུ་ཉེར་གཉིས༌པ།
དཀོན་མཆོག་གིས་ཨབ་ར་ཧམ་ལ་བརྟག༌པ།
དོན་དེའི་རྗེས༌སུ། དཀོན་མཆོག་གིས་ཨབ་ར་ཧམ་ལ་བརྟག་པར་དགོངས་ཏེ་ཨབ་ར་ཧམ་ཞེས་ཁོའི་མིང་ནས་བོས་པ༌ན། ཁོ་ན༌རེ། ང་རང་འདི་རུ་ཡོད་ཅེས་ལན་བཏབ༌བོ།། དེ་ནས་དཀོན་མཆོག་གིས་འདི་སྐད༌དུ། ཁྱོད་ཀྱིས་རང་གི་གཅེས་པའི་བུ་གཅིག་པུ་སྟེ་ཨི་སཱག་ཁྲིད་ནས་མོ་རེའེ་ཡཱ་ཡུལ་དུ་སོང༌དང༌། བདག་གིས་སྟོན་པར་འགྱུར་བའི་རི་བོ་ཞིག་གི་སྟེང་དུ་བུ་དེ་སྦྱིན་སྲེག་ཏུ་ཕུལ་ཞིག་ཅེས་གསུངས༌སོ།། དེ་ནས་ཞོགས་པར་ཨབ་ར་ཧམ་ཡར་ལངས་ཏེ་བོང་བུར་སྒ་གཏད༌ཅིང༌། སྦྱིན་སྲེག་གི་བུད་ཤིང་གཏུབས་རྗེས་གཡོག་པོ་གཉིས་དང་རང་གི་བུ་ཨི་སཱག་བཅས་ཁྲིད་དེ་དཀོན་མཆོག་གི་བཀའ་བཞིན་དུ་ཡུལ་དེའི་ལམ་ལ༌ཆས། དེ་ནས་ཉིན་གསུམ་པ༌ལ། ཨབ་ར་ཧམ་གྱིས་མགོ་ཡར་བཀྱགས་ཏེ་རྒྱང་རིང་ནས་ཡུལ་དེ་མཐོང་བ༌དང༌། གཡོག་པོ་གཉིས་ལ་འདི་སྐད༌དུ། ཁྱོད་གཉིས་ཀྱིས་བོང་བུ་བཟུང་ནས་འདིར་སྒུགས༌དང༌། བདག་དང་བུ་གཉིས་ཀ་གནས་དེར་སོང་ནས་དཀོན་མཆོག་ལ་གུས་ཕྱག་ཕུལ༌རྗེས། ཕྱིར་ཁྱོད་གཉིས་ཀྱི་གམ་དུ་ཡོང་ངེས་ཡིན་ཞེས་གསུངས༌སོ།། དེ་ནས་ཨབ་ར་ཧམ་གྱིས་བུ་ཨི་སཱག་ལ་སྦྱིན་སྲེག་གི་བུད་ཤིང་ཁུར་དུ་བཅུག་པ་དང་རང་གི་ལག་ཏུ་མེ་དང་གྲི་བཟུང་ནས་ཁོ་གཉིས་ཕ་རོལ་ཏུ༌སོང༌། དེ་ནས་བུ་ན༌རེ། ཕ་ལགས་ཞེས་ཞུས་པ༌དང༌། ཕ་ན༌རེ། བདག་གི༌བུ། ང་རང་འདི་རུ་ཡོད་ཅེས་སྨྲས༌སོ། །ཡང་བུ་ན༌རེ། ཁྱེད་ཀྱིས་གཟིགས༌དང༌། མེ་དང་བུད་ཤིང་ཐམས་ཅད་འཛོམས༌མོད། འོན་ཀྱང་སྦྱིན་སྲེག་ཏུ་ཕུལ་བའི་ལུ་གུ་གང་དུ་ཡོད་ཅེས་ཞུས་པ༌ལ། ཕ་ན༌རེ། བདག་གི༌བུ། དཀོན་མཆོག་གིས་དངོས་སུ་སྦྱིན་སྲེག་གི་ལུ་གུ་གནང་ངེས་ཡིན་ཞེས་སྨྲས་པ་དང་ཕ་བུ་གཉིས་ཀ་མཉམ་དུ༌སོང༌། དེ་ནས་ཁོ་གཉིས་དཀོན་མཆོག་གིས་བསྟན་པའི་གནས་དེར་སླེབས་པ༌དང༌། ཨབ་ར་ཧམ་གྱིས་གནས་དེ་རུ་མཆོད་ཁྲི་ཞིག་བཞེངས་པ་དང་དེའི་སྟེང་དུ་བུད་ཤིང་ལེགས་པར་བསྒྲིགས༌རྗེས། རང་གི་བུ་ཨི་སཱག་ཐག་པས་བསྡམས་ཏེ་བུད་ཤིང་གི་སྟེང་དུ༌བཞག 10 ཨབ་ར་ཧམ་གྱིས་ལག་པ་བརྐྱངས་ནས་གྲི་བླངས་ཏེ་བུ་གསོད་པར་རྩོམ་པ༌ལ། 11 གློ་བུར་ཉིད་ལ་དཀོན་མཆོག་ཡ་ཝཱེའི་ཕོ་ཉས་ནམ་མཁའི་ཞིང་ཁམས་ནས་ཨབ་ར༌ཧམ། ཨབ་ར་ཧམ་ཞེས་ཁོའི་མིང་ནས་བོས་པ༌དང༌། ཁོས་ང་རང་འདི་རུ་ཡོད་ཅེས་ལན་བཏབ༌བོ།། 12 དེ་ནས་ཕོ་ཉས་འདི་སྐད༌དུ། ཁྱོད་ཀྱིས་བུ་དེ་ལ་ལག་པས་རེག་པར་མི༌བྱའོ། །བུ་དེ་ལ་གནོད་པ་ཅི་ཡང་བྱ་མི་རུང༌ངོ༌། །ཁྱོད་ཀྱིས་དཀོན་མཆོག་ལ་དད་གུས་བྱེད་པ་ད་ལྟ་བདག་གིས༌ཤེས། ཅིའི་ཕྱིར་ཞེ༌ན། ཁྱོད་ཀྱིས་རང་གི་བུ་གཅིག་པུ་བདག་ལ་འབུལ་བར་ཡང་མ་འཛེམ་པའི་ཕྱིར་ཡིན་ཞེས་གསུངས་པ༌དང༌། 13 ཨབ་ར་ཧམ་གྱིས་མགོ་ཡར་བཀྱགས་ནས་བལྟས་པ༌ན། ལུག་ཐུག་ཅིག་མཐོང་ཞིང་རྭ་ཅོ་གཉིས་ཚེར་མའི་གསེབ་ཏུ་ཟུག་ཡོད་པ༌ལ། ཁོང་གིས་ལུག་ཐུག་དེ་ཚེར་མ་ལས་བླངས་ཏེ་རང་གི་བུའི་ཚབ་ཏུ་དཀོན་མཆོག་ལ་སྦྱིན་སྲེག་ཏུ་ཕུལ༌ཏོ།། 14 ཨབ་ར་ཧམ་གྱིས་གནས་དེའི་མིང་ལ་ཡ་ཝཱེས་ཡིར་ཨེ་ཞེས་བཏགས་ཤིང་དོན་ནི་དཀོན་མཆོག་ཡ་ཝཱེས་གནང་ངེས་ཡིན་ཞེས་པའོ། །ད་ལྟའི་བར་དུ་མི་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེའི་རི་བོར་ཁོང་གིས་གནང་ངེས་ཡིན་ཞེས༌སྨྲའོ།།
15 དེ་ནས་དཀོན་མཆོག་ཡ་ཝཱེའི་ཕོ་ཉས་ཐེངས་གཉིས་པར་ནམ་མཁའི་ཞིང་ཁམས་ལས་ཨབ་ར་ཧམ་ཞེས་ཁོའི་མིང་ནས་བོས༌ཤིང༌། 16 དཀོན་མཆོག་ཡ་ཝཱེས་འདི་སྐད༌དུ། ཁྱོད་ཀྱིས་དོན་འདི་བསྒྲུབས་པར་རང་གི་བུ་གཅིག་པུ་ལའང་མ་འཛེམ༌པས། ངས་རང་ལ་བརྟེན་ནས་དམ་བཅས་པ༌སྟེ། 17 བདག་གིས་ཁྱོད་ལ་བྱིན་རླབས་ཆེན་པོ་གནང་ངེས༌ཤིང༌། ཁྱོད་ཀྱི་བུ་རྒྱུད་ནི་ནམ་མཁའི་སྐར་མ་དང་རྒྱ་མཚོའི་འགྲམ་གྱི་བྱེ་མ་ཇི་བཞིན་མང་དུ་འཕེལ་བར༌བྱ། ཁྱོད་ཀྱི་བུ་རྒྱུད་ཀྱིས་རང་གི་དགྲ་བོ་རྣམས་ཀྱི་མཁར་འཛིན་པ༌དང༌། 18 ཁྱོད་ཀྱིས་བདག་གི་གཏམ་ལ་མཉན་པའི༌ཕྱིར། ཁྱོད་ཀྱི་བུ་རྒྱུད་བརྒྱུད་ནས་ས་སྟེང་གི་མི་རིགས་ཐམས་ཅད་ལ་བྱིན་རླབས་འཐོབ་པར་འགྱུར་ཞེས་གསུངས༌སོ།། 19 དེའི༌ཕྱིར། ཨབ་ར་ཧམ་ཕ་བུ་གཉིས་རང་གི་གཡོག་པོའི་གམ་དུ་སོང་བ༌དང༌། ཁོ་རྣམས་ལྷན་དུ་པེར་ཤ་བཱ་རུ་ཕྱིར་ལོག༌རྗེས། ཨབ་ར་ཧམ་ནི་པེར་ཤ་བཱ་ཡུལ་དུ་བཞུགས༌སོ།།
ནཱ་ཧོར་གྱི་རིགས་རྒྱུད༌སྐོར།
20 དོན་དེའི་རྗེས༌སུ། མི་གཞན་གྱིས་ཨབ་ར་ཧམ་ལ་འདི་ལྟར་སྨྲས༌པ། ལྟོས༌དང༌། མིལ་ཀཱ་ཡིས་ཁྱེད་ཀྱི་སྤུན་ནཱ་ཧོར་ལ་བུ་དུ་མ་བཙས་པ༌སྟེ། 21 བུ་སྐྱེས་འགོ་ནི་ཨུ་ཟཱ་ཡིན༌ལ། ཁོའི་གཅུང་པོ་ནི་པུ་ཟཱ༌དང༌། ཀཱ་མུ༌ཨེལ། ༼དེ་ནི་ཨ་རམ་གྱི་ཕ༌ཡིན།༽ 22 ཀེ༌སེད། ཧ༌ཟོ། ཕིལ༌དཱ། ཡེད༌ལིབ། པཱ་ཐུ་ཨེལ་བཅས༌སོ།། 23 པཱ་ཐུ་ཨེལ་ནི་ཕྱིས་སུ་བུ་མོ་རིབ་ཀཱ་ཞེས་བྱ་བའི་ཕ་ཡིན༌ལ། བུ་དེ་བརྒྱད་པོ་ནི་མིལ་ཀཱ་ཡིས་ཨབ་ར་ཧམ་གྱི་སྤུན་ནཱ་ཧོར་ལ་བཙས༌པའོ།། 24 དེ་ཡང་ནཱ་ཧོར་གྱི་ཆུན་མ་རཱ་ཨུ་མཱ༌ལས། ཐེ་པཱག༌དང༌། གཱ༌ཧམ། ཐཱ་ཧ༌ཤཱ མཱ་ཨ་ཀཱ་བཅས་བུ་བཞི་སྐྱེས༌སོ།།