ལེའུ་ཉེར་དྲུག༌པ།
ཨི་སཱག་ཅེས་བྱ་བ་གེ་རཱར་གྲོང་ཁྱེར་དུ་བཞུགས༌པ།
དེ་ཡང་ཨབ་ར་ཧམ་གྱི་དུས༌སུ། ཡུལ་དེར་མུ་གེ་བྱུང་མྱོང་བ་དང་དུས་འདིར་ཡང་མུ་གེ་བྱུང༌བས། ཨི་སཱག་ཅེས་བྱ་བ་གེ་རཱར་གྲོང་ཁྱེར་དང་ཕེ་ལེ་ཤེད་མི་རིགས་ཀྱི་རྒྱལ་པོ་ཨ་བི་མེ་ལེག་གི་དྲུང་དུ་སོང་བ༌དང༌། དཀོན་མཆོག་ཡ་ཝཱེས་ཨི་སཱག་ལ་མངོན་པར་མཛད་དེ་འདི་སྐད༌དུ། ཁྱོད་མར་ཨེ་ཅིབ་ཡུལ་དུ་འགྲོ་བར་མི༌བྱའོ། །བདག་གིས་ཁྱོད་ལ་སྟོན་པར་འགྱུར་བའི་ཡུལ་དེ་རུ་སྡོད༌ཅིག ད་ལྟ་ཁྱོད་རང་ཡུལ་འདིར་བསྡད༌ན། བདག་ནི་ངེས་པར་ཁྱོད་དང་མཉམ་དུ་གནས་ཤིང་ཁྱོད་ལ་བྱིན་རླབས་གནང༌ངོ༌། །ཅིའི་ཕྱིར་ཞེ༌ན། བདག་གིས་ཡུལ་འདི་ཐམས་ཅད་ཁྱོད་དང་ཁྱོད་ཀྱི་རིགས་རྒྱུད་ཕྱི་མ་རྣམས་ལ་སྦྱིན་ངེས་པའི་ཕྱིར༌རོ། །བདག་གིས་ཁྱོད་ཀྱི་ཡབ་ཨབ་ར་ཧམ་ལ་བཞག་པའི་དམ་བཅའ་བཞིན་བྱེད་པར༌འགྱུར། བདག་གིས་ཁྱོད་ཀྱི་རིགས་རྒྱུད་ནི་ནམ་མཁའི་སྐར་མ་ཇི་བཞིན་མང་དུ་སྤེལ་བ༌དང༌། ས་ཆ་འདི་དག་ཀྱང་ཁྱོད་ཀྱི་རིགས་རྒྱུད་ཕྱི་མ་རྣམས་ལ་སྦྱིན་པར་མ༌ཟད། ས་སྟེང་གི་མི་རིགས་ཐམས་ཅད་ལའང་ཁྱོད་ཀྱི་རིགས་རྒྱུད་བརྒྱུད་ནས་བྱིན་རླབས་འཐོབ་པར༌འགྱུར། ཅིའི་ཕྱིར་ཞེ༌ན། ཨབ་ར་ཧམ་གྱིས་བདག་གི་གསུང་ལ་མཉན་པ་དང་། བདག་གི་མན་ངག༌དང༌། བཀའ༌རྒྱ། སྒྲིག་ཁྲིམས། བཀའ་ཁྲིམས་བཅས་བསྲུངས་པའི་ཕྱིར་རོ་ཞེས་གསུངས། དེའི༌ཕྱིར། ཨི་སཱག་ནི་གེ་རཱར་གྲོང་ཁྱེར་དུ་བཞུགས༌སོ།།
དེ་ནས་ཡུལ་དེའི་མི་རྣམས་ཀྱིས་ཨི་སཱག་ལ་ཁོའི་ཆུང་མའི་སྐོར་དྲིས་པ༌ན། ཨི་སཱག་ན༌རེ། ཁོ་མོ་བདག་གི་སྲིང་མོ་ཡིན་ནོ་ཞེས་སྨྲས༌ཤིང༌། དེ་ནི་བདག་གི་ཆུང་མ་ཡིན་ཞེས་བརྗོད་པར་འཇིགས་པ༌དང༌། ཁོའི་སེམས་སུ་རིབ་ཀཱ་ནི་བུད་མེད་མཛེས་མ་ཞིག་ཡིན་པའི༌ཕྱིར་དེ་དག་གིས་རང་ཉིད་གསོད་ངེས་ཡིན་སྙམ༌པའོ།། ཁོ་རང་ཡུལ་དེ་རུ་ཡུན་རིང་པོར༌བསྡད། ཉིན་ཞིག༌ལ། ཕེ་ལེ་ཤེད་མི་རིགས་ཀྱི་རྒྱལ་པོ་ཨ་བི་མེ་ལེག་གིས་སྒེའུ་ཁུང་ལས་ཕྱི་རོལ་ཏུ་བལྟས་པ༌ན། ཨི་སཱག་དང་ཁོའི་ཆུང་མ་རིབ་ཀཱ་གཉིས་རྩེད་མོར་གཡེང་བ་མཐོང༌ངོ༌།། ཨ་བི་མེ་ལེག་གིས་ཨི་སཱག་བོས༌ཏེ། ཁོ་མོ་དངོས་གནས་ཁྱོད་ཀྱི་ཆུང་མ་ཡིན༌པས། ཁྱོད་ཀྱིས་ཁོ་མོ་རང་གི་སྲིང་མོ་ཡིན་ཞེས་སྨྲ་བའི་རྒྱུ་མཚན་ཅི་ཞེས་དྲིས་པ༌ལ། ཨི་སཱག་ན༌རེ། བདག་ནི་ཁོ་མོའི་རྐྱེན་ལས་འཆི་བར་ངེས་སྙམ་པ་ཡིན་ཞེས་ལན་བཏབ༌བོ།། 10 དེ་ནས་ཨ་བི་མེ་ལེག་ན༌རེ། ཁྱོད་ཀྱིས་ངེད་རྣམས་ལ་དོན་ཅི་ཞིག་བྱས༌སམ། མང་ཚོགས་ལས་མི་ཞིག་ཁྱོད་ཀྱི་ཆུང་མར་ལུས་འབྲེལ་བྱས༌ན། ངེད་རྣམས་ལ་ཉེས་པ་འཕོག་ཉེན་ཆེ་ཞེས༌སྨྲས། 11 དེའི༌ཕྱིར། ཨ་བི་མེ་ལེག་གིས་མང་ཚོགས་ལ་འདི༌ལྟར། མི་སུ་ཞིག་གིས་ཁོའམ་ཁོའི་ཆུང་མར་གནོད་འཚེ་བྱས༌ན། མི་དེ་ངེས་པར་གསོད་དགོས་ཞེས་བཀའ་གནང༌ངོ༌།། 12 དེ་ནས་ཨི་སཱག་གིས་ཡུལ་དེ་རུ་ཞིང་བཏབ་པ་དང་ལོ་དེ་ལ་འབྲས་བུ་ལྡབ་བརྒྱ་ཐོབ༌ཅིང༌། དཀོན་མཆོག་ཡ་ཝཱེས་ཁོ་ལ་བྱིན་རླབས་གནང༌བས། 13 ཁོ་ནི་སྟོབས་དང་ལྡན་པ༌དང༌། གོང་ནས་གོང་དུ་འཕེལ་ཏེ་འབྱོར་ཕྱུག་ལྡན་པར་གྱུར༌ཏོ།། 14 ཁོ་ལ་ར་ལུག་གི་ཁྱུ་དང་བ་ཁྱུ་ཡོད་པར་མ༌ཟད། གཡོག་པོའང་མང་དུ་ཡོད་པས་ཕེ་ལེ་ཤེད་མི་རིགས་ཀྱིས་ཁོ་ལ་ཕྲག་དོག༌བྱས། 15 དེ་ཡང་ཁོའི་ཡབ་ཨབ་ར་ཧམ་བཞུགས་པའི་དུས༌སུ། ཡབ་ཀྱི་གཡོག་པོས་བརྐོས་པའི་ཁྲོན་པ་དེ་དག་ཕེ་ལེ་ཤེད་མི་རིགས་ཀྱིས་ས་ཡིས་བཅད་ཅིང་སྙོམས་པར་བྱས༌སོ།། 16 དེ་ནས་ཨ་བི་མེ་ལེག་གིས་ཨི་སཱག་ལ་འདི༌ལྟར། ཁྱོད་ནི་ངེད་ཅག་ལས་སྟོབས་འབྱོར་ཆེ་བས་ངེད་ཅག་དང་ཁ་བྲལ་ནས་སོང་ཞིག་ཅེས་སྨྲས་པ༌དང༌། 17 ཨི་སཱག་ཡུལ་དེ་དང་ཁ་བྲལ་ཞིང་གེ་རཱར་ལུང་པ་རུ་སོང་ནས་དེར་སྦྲ་གུར་ཕུབ་སྟེ་གནས་བཅས༌སོ།། 18 དེ་ཡང་ཁོའི་ཡབ་ཨབ་ར་ཧམ་བཞུགས་པའི་དུས་སུ་བརྐོས་པའི་ཁྲོན་པ་དེ་དག་ཕེ་ལེ་ཤེད་མི་རིགས་ཀྱིས་ཨབ་ར་ཧམ་སྐུ་གཤེགས་པའི་རྗེས་སུ་ས་ཡིས་བཅད༌ཀྱང༌། ཨི་སཱག་གིས་ཁྲོན་པ་དེ་དག་སླར་ཡང་བརྐོས་ཤིང་ཁོའི་ཡབ་ཀྱིས་མིང་བཏགས་པ་བཞིན་ཁྲོན་པ་དེ་དག་ལ་མིང་བཏགས་པ༌རེད། 19 ཡང་ཨི་སཱག་གི་གཡོག་པོས་ལུང་པའི་ནང་དུ་ཁྲོན་པ་ཞིག་བརྐོས་ཏེ་ས་འོག་གི་ཆུ་རྒྱུན་ཆེན་པོ་ཞིག་རྙེད༌པས། 20 གེ་རཱར་ལུང་པར་ཡོད་པའི་ཕྱུགས་རྫི་རྣམས་ཀྱིས་ཨི་སཱག་གི་ཕྱུགས་རྫི་ལ་ཆུ་འདི་ནི་ངེད་ཅག་གི་ཡིན་ཞེས་རྩོད་གླེང་བྱས་པ༌དང༌། ཨི་སཱག་གིས་ཁྲོན་པ་དེ་ལ་ཨེ་སཱ་ * ཨེ་སཱ་ཞེས་པ་ནི་ཡ་ཧུ་དཱའི་སྐད་དོད་དེ་རྩོད་གླེང་བྱས་པའི་དོན་ལ༌འཇུགཞེས་མིང་བཏགས༌སོ། །རྒྱུ་མཚན་ནི་ཁོ་རྣམས་ཀྱིས་ཁོ་དང་རྩོད་གླེང་བྱས་པའི་ཕྱིར༌རོ།། 21 དེ་ནས་ཡང་ཨི་སཱག་གི་གཡོག་པོས་ཁྲོན་པ་གཞན་ཞིག་བརྐོས་པ༌དང༌། དེ་རྣམས་ཁྲོན་པ་དེ་ལ་རྩོད་པ་བྱུང་བས་ཨི་སཱག་གིས་ཁྲོན་པ་དེའི་མིང་ལ་ཤིད་ནཱ་ ཤིད་ནཱ་ཞེས་པ་ནི་ཡ་ཧུ་དཱའི་སྐད་དོད་དེ་དགྲ་རུ་བཟུང་བ་ཞེས་པའི་དོན་ལ༌འཇུགཞེས་བཏགས༌སོ།། 22 དེ་ནས་ཨི་སཱག་ཡུལ་དེ་དང་ཁ་བྲལ་ཞིང་ཁྲོན་པ་གཞན་ཞིག་བརྐོས་པ༌དང༌། མི་དེ་རྣམས་ཀྱིས་རྩོད་པ་མ་བྱས་པས་ཁོས་ཁྲོན་པ་དེའི་མིང་ལ་རེའེ་ཧོ་པེད་ རེའེ་ཧོ་པེད་ཅེས་པ་ནི་ཡ་ཧུ་དཱའི་སྐད་དོད་དེ་ས་ཁོད་ཆེ་བའི་དོན་ལ༌འཇུགཅེས་བཏགས༌ཤིང༌། ཁོ་ན༌རེ། དཀོན་མཆོག་ཡ་ཝཱེས་རང་ཅག་རྣམས་ལ་ས་གཞི་རྒྱ་ཆེ་བ་ཞིག་གནང་བ༌དང༌། རང་ཅག་རྣམས་ས་གཞི་འདིའི་སྟེང་ནས་དར་ཞིང་རྒྱས་པར་བྱེད་དགོས་ཞེས་སྨྲས༌སོ།། 23 དེ་ནས་ཨི་སཱག་ཡུལ་དེ་དང་ཁ་བྲལ་ནས་ཡར་པེར་ཤ་བཱ་རུ་སོང་བ༌དང༌། 24 ཉིན་དེའི་མཚན༌མོར། དཀོན་མཆོག་ཡ་ཝཱེས་ཁོ་རང་ལ་མངོན་པར་མཛད་དེ་འདི་སྐད༌དུ། བདག་ནི་ཁྱོད་ཀྱི་ཡབ་ཨབ་ར་ཧམ་གྱི་དཀོན་མཆོག་ཡིན༌ལ། བདག་ནི་ཁྱོད་དང་མཉམ་དུ་ཡོད་པས་འཇིགས་མི་དགོས༌སོ། །བདག་གིས་ཁྱོད་ལ་བྱིན་རླབས་གནང་བ༌དང༌། བདག་གི་ཞབས་ཕྱི་པ་ཨབ་ར་ཧམ་གྱི་རྐྱེན་གྱིས་ཁྱོད་ཀྱི་རིགས་རྒྱུད་མང་དུ་སྤེལ་བར་བྱ་ཞེས་གསུངས༌སོ།། 25 དེ་ནས་ཨི་སཱག་གིས་གནས་དེ་རུ་མཆོད་ཁྲི་ཞིག་བཞེངས་ཤིང་དཀོན་མཆོག་ཡ་ཝཱེའི་མཚན་ནས་བོས་པ༌དང༌། སྦྲ་གུར་ཡང་ཕུབ་པ་དང་ཁོའི་གཡོག་པོ་རྣམས་ཀྱིས་གནས་དེ་རུ་ཁྲོན་པ་ཞིག་ཀྱང་བརྐོས༌སོ།།
26 དེ་ཡང་ཨ་བི་མེ་ལེག་དང་ཁོའི་མནའ་གྲོགས་ཨ་ཧུའུ་ཟད་དང་དམག་དཔོན་ཕི་ཀོལ་བྱ་བ་གསུམ་གེ་རཱར་ནས་སླེབས་པ༌དང༌། 27 ཨི་སཱག་ན༌རེ། དེ་སྔར་ཁྱོད་རྣམས་བདག་ལ་སྡང་ཞིང་ང་རང་འགྲོ་རུ་བཅུག་པ༌དང༌། ད་ལྟ་ཁྱོད་རྣམས་བདག་གི་གམ་དུ་ཡོང་བ་ཅི་ཡིན་ཞེས་སྨྲས་པ༌ལ། 28 དེ་རྣམས་ན༌རེ། ངེད་ཅག་གིས་དཀོན་མཆོག་ཡ་ཝཱེ་ཁྱོད་དང་མཉམ་དུ་བཞུགས་པ་གསལ་པོར་མཐོང༌བས། རང་ཅག་བར་དུ་དམ་བཅའ་བཞག་ནས་གྲོས་འཆམ་བྱུང་ན་ལེགས༌ཏེ། 29 ཁྱོད་ཀྱིས་ངེད་ཅག་ལ་གནོད་པ་མི་བྱེད་པའི་ཕྱིར༌རོ། །ངེད་ཅག་གིས་ཁྱོད་ལ་གནོད་པ་བྱས་མ་མྱོང༌བར། སྔར་བཞིན་ཁྱོད་ལ་སྣེ་ལེན་བཟང་པོ་བྱས་པར་མ༌ཟད། ཁྱོད་རང་བདེ་བའི་ངང་འགྲོ་རུ་བཅུག་པ་དེ་བཞིན༌ནོ། །ཁྱོད་ནི་དཀོན་མཆོག་ཡ་ཝཱེའི་བྱིན་རླབས་ཐོབ་པའི་མི་ཡིན་ཞེས་སྨྲས༌སོ།། 30 དེ་ནས་ཨི་སཱག་གིས་ཁོ་རྣམས་ལ་གསོལ་སྟོན་བཤམས་ཤིང་དེ་རྣམས་ཀྱང་བཟའ་བཏུང་ལ་རོལ༌ཏོ།། 31 ཕྱི་ཉིན་ཞོགས༌པར། ཁོ་རྣམས་སྔ་མོ་ནས་ཡར་ལངས་ཏེ་ཕན་ཚུན་བར་དམ་བཅས༌སོ། །དེ་ནས་ཨི་སཱག་གིས་མི་དེ་རྣམས་ཕྱིར་འགྲོ་རུ་བཅུག་ཅིང་དེ་རྣམས་ཀྱང་བདེ་བར་སོང༌ངོ༌།། 32 ཉིན་དེ༌ལ། ཨི་སཱག་གི་གཡོག་པོ་ཡོང་ནས་ངེད་ཅག་གིས་ཆུ་རྙེད་དོ་ཞེས་ཁྲོན་པ་བརྐོས་པའི་དོན་དེ་ཁོ་ལ༌སྨྲས།། 33 དེ་ནས་ཁོས་ཁྲོན་པ་དེའི་མིང་ལ་ཤིབ་ཨ་ཞེས་བཏགས༌པས། གྲོང་ཁྱེར་དེའི་མིང་ལ་པེར་ཤ་བཱ་ཞེས་ཟེར༌ཞིང༌། གྲོང་ཁྱེར་དེའི་མིང་ནི་ད་ལྟའི་བར་དུ་གནས་ཡོད༌དོ།།
ཨེ་སཱབ་ཀྱིས་ཆུང་མ་གཉིས་བླངས༌པ།
34 དེ་ཡང་ཨེ་སཱབ་དགུང་ལོ་བཞི་བཅུ་ཡིན་པའི་སྐབས༌སུ། ཧེ་བི་མི་རིགས་ཀྱི་པེ་རེ་ཞེས་བྱ་བའི་བུ་མོ་ཡ་ཧུ་དིད༌དང༌། ཧེ་བི་མི་རིགས་ཀྱི་ཨེད་ལོན་ཞེས་བྱ་བའི་བུ་མོ་པཱ་ས་མཱད་ཅེས་པ་གཉིས་མཉམ་དུ་ཆུང་མར་བླངས༌སོ།། 35 དེ་ནས་ཁོ་རྣམས་ཀྱིས་ཨི་སཱག་དང་རིབ་ཀཱ་གཉིས་ཀྱི་སེམས་དཀྲུག་པར་བྱས༌སོ།།

*ལེའུ་ཉེར་དྲུག༌པ།:20 ཨེ་སཱ་ཞེས་པ་ནི་ཡ་ཧུ་དཱའི་སྐད་དོད་དེ་རྩོད་གླེང་བྱས་པའི་དོན་ལ༌འཇུག

ལེའུ་ཉེར་དྲུག༌པ།:21 ཤིད་ནཱ་ཞེས་པ་ནི་ཡ་ཧུ་དཱའི་སྐད་དོད་དེ་དགྲ་རུ་བཟུང་བ་ཞེས་པའི་དོན་ལ༌འཇུག

ལེའུ་ཉེར་དྲུག༌པ།:22 རེའེ་ཧོ་པེད་ཅེས་པ་ནི་ཡ་ཧུ་དཱའི་སྐད་དོད་དེ་ས་ཁོད་ཆེ་བའི་དོན་ལ༌འཇུག