ལེའུ་ཉེར་བརྒྱད༌པ།
ཨི་སཱག་གིས་ཡ་ཀོབ་ཡུལ་གཞན་དུ་མངགས༌པ།
དེ་ནས་ཨི་སཱག་གིས་ཡ་ཀོབ་བོས་ཏེ་བྱིན་རླབས་གནང་བ་དང་འདི་ལྟར་སྨྲས༌པ། ཁྱོད་ཀྱིས་ཀ་ན་ཨན་མི་རིགས་ཀྱི་བུ་མོ་ཆུང་མར་ལེན་པར་མི༌བྱའོ།། ཁྱོད་རང་ཡར་ལངས་ནས་ཕཱ་དན་ཨ་རམ་ཡུལ་གྱི་སྒྱུག་པོ་པཱ་ཐུ་ཨེལ་གྱི་ཁྱིམ་དུ་སོང༌དང༌། ཨ་མའི་མིང་པོ་ལཱ་པན་གྱི་བུ་མོ་རྣམས་ལས་བུ་མོ་གཅིག་རང་གི་ཆུང་མར་ལོངས༌ཤིག ཀུན་དབང་དཀོན་མཆོག་གིས་ཁྱོད་ལ་བྱིན་གྱིས་རླབས༌ཏེ། ཁྱོད་ནི་རྒྱུད་དང་ལྡན་པར་གྱུར་ནས་མང་པོར་འཕེལ་ཏེ་མི་རིགས་ཆེན་པོ་ཞིག་ཏུ་འགྱུར་བ༌དང༌། ཁྱོད་ཀྱིས་རང་ཉིད་སྡོད་སའི་ཡུལ་འདིར་བདག་པོ་བྱེད་པའི༌ཕྱིར། ཁོང་གིས་མེས་པོ་ཨབ་ར་ཧམ་གྱི་བྱིན་རླབས་དེའང་ཁྱོད་དང་ཁྱོད་ཀྱི་རིགས་རྒྱུད་ཕྱི་མ་རྣམས་ལ་གནང་བར༌སྨོན། ཡུལ་འདི་ནི་དཀོན་མཆོག་གིས་ཨབ་ར་ཧམ་གྱི་ས་གཞིར་གནང་བ་ཡིན་ཞེས༌པའོ།། དེ་ནས་ཨི་སཱག་གིས་ཡ་ཀོབ་མངགས་པ༌དང༌། ཡ་ཀོབ་ཕཱ་དན་ཨ་རམ་ཡུལ་གྱི་ཨ་རམ་མི་རིགས་ཀྱི་པཱ་ཐུ་ཨེལ་ཞེས་བྱ་བའི་བུ་ལཱ་པན་གྱི་དྲུང་དུ༌སོང༌། ལཱ་པན་ནི་ཡ་ཀོབ་དང་ཨེ་སཱབ་གཉིས་ཀྱི་ཞང་པོ་ཡིན༌ནོ།།
དེ་ནས་ཨི་སཱག་གིས་ཡ་ཀོབ་ལ་བྱིན་རླབས་གནང་ཟིན་པ་ཨེ་སཱབ་ཀྱིས་མཐོང་བ༌སྟེ། ཨི་སཱག་གིས་བུ་ཆུང་བ་ཡ་ཀོབ་ནི་ཕཱ་དན་ཨ་རམ་ཞེས་པའི་ཡུལ་དུ་མངགས༌ཤིང༌། ཡུལ་དེ་ནས་ཁོ་རང་ལ་ཆུང་མ་ཞིག་ལེན་པའི་བྱིན་རླབས་གནང་བའི་གཏམ་འདི༌ལྟར། ཁྱོད་ཀྱིས་ཀ་ན་ཨན་མི་རིགས་ཀྱི་བུ་མོ་ཆུང་མར་མི་ལེན་པར་གྱིས་ཞེས་སྨྲས་པ༌དང༌། ཡ་ཀོབ་ཀྱིས་ཡབ་ཡུམ་གཉིས་ཀྱི་ངག་ལ་མཉན་ནས་ཕཱ་དན་ཨ་རམ་ཡུལ་དུ་སོང་བའང་ཨེ་སཱབ་ཀྱིས་མཐོང༌བས། ཨེ་སཱབ་ཀྱིས་ཁོའི་ཡབ་ཨི་སཱག་གིས་ཀ་ན་ཨན་མི་རིགས་ཀྱི་བུ་མོ་མི་འདོད་པ་ཤེས༌ཏེ། ཡེས་མ་ཨེལ་གྱི་དྲུང་དུ་སོང༌སྟེ། རང་ཉིད་ལ་ཆུང་མ་གཞན་ཞིག་ཀྱང་བླངས༌སོ། །ཁོ་མོ་ནི་ཨབ་ར་ཧམ་གྱི་བུ་ཡེས་མ་ཨེལ་གྱི་བུ་མོ་སྟེ་ནཱ་བ་ཨོད་ཀྱི་ནུ་མོ་ཡིན༌ལ། མིང་ལ་མཱ་ཧ་ལཱད་ཅེས་ཟེར༌རོ།།
ཡ་ཀོབ་ཀྱི་རྨི༌ལམ།
10 དེ་ནས་ཡ་ཀོབ་ཁོ་རང་པེར་ཤ་བཱ་དང་ཁ་བྲལ་ནས་ཧཱ་རན་གྱི་ལམ་དུ་ཆས་པ༌དང༌། 11 ས་ཆ་ཞིག་ཏུ་སླེབས་རྗེས་ཉི་མ་ནུབ་པས་གནས་དེར་ཞག་སྡོད་བྱས་ཤིང་། རྡོ་ལེབ་ཅིག་ཁྱེར་ཡོང་ནས་སྔས་མགོ་བྱས་ཏེ་ཉལ༌ཏོ།། 12 དེ་ནས་ཁོའི་རྨི་ལམ་ནང་དུ་སྐས་ཤིག་ས་ནས་ཡར་བསྒྲེངས་ཡོད་པ་དང་སྐས་མགོ་ནམ་མཁར་ཟུག༌ཅིང༌། དཀོན་མཆོག་གི་ཕོ་ཉ་རྣམས་སྐས་དེ་ལ་བརྟེན་ནས་ཡར་འཕགས་ཤིང་མར་ཕེབས་པ༌དང༌། 13 དཀོན་མཆོག་ཡ་ཝཱེ་ཁོང་ཉིད་ཀྱང་སྐས་དེའི་སྟེང་དུ་ཡར་བཞེངས་ཏེ་འདི་སྐད༌དུ། བདག་ནི་ཡ་ཝཱེ་སྟེ་ཁྱོད་ཀྱི་མེས་པོ་ཨབ་ར་ཧམ་གྱི་དཀོན་མཆོག་ཡིན༌ལ། ཨི་སཱག་གི་དཀོན་མཆོག་ཀྱང༌ཡིན། ད་ལྟ་བདག་གིས་ཁྱོད་རང་ཉལ་སའི་ས་ཆ་དེ་ནི་ཁྱོད་དང་ཁྱོད་ཀྱི་རིགས་རྒྱུད་རྣམས་ལ་སྦྱིན་པར་བྱ། 14 ཁྱོད་ཀྱི་རིགས་རྒྱུད་དག་ནི་ས་སྟེང་གི་རྡུལ་གྲངས་དང་མཉམ་པར་འགྱུར་ངེས༌ཤིང༌། དེ་རྣམས་ཤར་ལྷོ་ནུབ་བྱང་གི་ཕྱོགས་སུ་འཕེལ་བར་འགྱུར་བ༌དང༌། ས་སྟེང་གི་མི་རིགས་ཐམས་ཅད་ལ་ཁྱོད་དང་ཁྱོད་ཀྱི་རིགས་རྒྱུད་རྣམས་ལས་བྱིན་རླབས་འཐོབ་པར་འགྱུར༌རོ།། 15 བདག་ནི་ཁྱོད་དང་མཉམ་དུ་གནས་ཤིང་ཁྱོད་རང་གང་དུ་སོང་ནའང་བདག་གིས་ཁྱོད་རང་བསྲུང་བ་དང༌། བདག་གིས་ཁྱོད་ལ་ཁས་བླངས་པ་བཞིན་དུ་འགྲུབ་པའི༌བར་དུ། ཁྱོད་རང་ཁྲིད་ནས་ས་ཆ་འདིར་ཡོང་བ་དང་ནམ་ཡང་ཁྱོད་དང་ཁ་མི་འབྲལ་ཞེས་གསུངས༌སོ།། 16 དེ་ནས་ཡ་ཀོབ་གཉིད་ལས་སད་དེ་ན༌རེ། དཀོན་མཆོག་ཡ་ཝཱེ་དངོས་གནས་ས་ཆ་འདིར་བཞུགས་ཡོད་ཀྱང་བདག་གིས་མ་ཤེས་ཞེས་སྨྲས་པ༌དང༌། 17 ཡང་ཁོ་རང་འཇིགས་སྐྲག་ངང་ན༌རེ། ས་ཆ་འདི་ཇི་འདྲའི་འཇིགས་སུ་རུང་བ་ལ༌ཨང༌། གནས་འདི་ནི་ཡུལ་གཞན་མ་ཡིན་ཏེ། དཀོན་མཆོག་གི་བཞུགས་གནས་ཡིན༌ལ། ནམ་མཁའི་ཞིང་ཁམས་ཀྱི་སྒོ་ཆེན་ཡང་ཡིན་ཞེས་སྨྲས༌སོ།།
18 དེ་ཡང་ཞོགས་པར་ཡ་ཀོབ་ཡར་ལངས༌ཤིང༌། སྔས་མགོ་བྱས་པའི་རྡོ་ལེབ་དེ་ཀ་བ་རུ་བསྒྲེངས་པ་དང་དེའི་སྟེང་དུ་སྣུམ་བླུགས༌སོ།། 19 དེ་ནས་ཁོས་ས་ཆ་དེའི་མིང་ལ་པེད་ཨེལ་* པེད་ཨེལ་ཞེས་པ་ནི་ཡ་ཧུ་དཱའི་སྐད་དོད་དེ་དཀོན་མཆོག་གི་བཞུགས་གནས་ཞེས་པའི་དོན་ལ༌འཇུགཞེས༌བཏགས། འོན༌ཀྱང༌། སྔོན་ཆད་གྲོང་ཁྱེར་དེ་ལ་ལོ་ཟི་ཞེས་ཟེར༌རོ།། 20 དེ་ནས་ཡ་ཀོབ་ཀྱིས་དཀོན་མཆོག་ལ་འདི་ལྟར་དམ་བཅས་པ༌སྟེ། གལ༌སྲིད། དཀོན་མཆོག་ཁྱེད་ནི་བདག་དང་མཉམ་དུ་བཞུགས་པ༌དང༌། ང་རང་གང་ལ་འགྲོ་བའི་ལམ་དུ་བདག་ལ་སྲུང་སྐྱོབ་མཛད༌པ། བདག་ལ་ཟས་གོས་གནང༌བ། 21 ང་རང་བདེ་འཇགས་ངང་རང་གི་ཕ་གཞིས་སུ་ལོག་ཐུབ་པ་བཅས་ཡིན༌ན། བདག་གིས་དཀོན་མཆོག་ཡ་ཝཱེ་ཁྱེད་ཉིད་ང་རང་གི་དཀོན་མཆོག་ཏུ་བཀུར་བ༌དང༌། 22 ངས་ཀ་བ་རུ་བསྒྲེངས་པའི་རྡོ་ལེབ་དེའང་དཀོན་མཆོག་གི་བཞུགས་གནས་སུ་བྱེད༌དོ། །ཁྱེད་ཀྱིས་བདག་ལ་གནང་བ་ཐམས་ཅད་ལས་བདག་གིས་བཅུ་ཆ་གཅིག་ཁྱེད་ལ་འབུལ་ངེས་ཡིན་ཞེས་ཞུས༌སོ།།

*ལེའུ་ཉེར་བརྒྱད༌པ།:19 པེད་ཨེལ་ཞེས་པ་ནི་ཡ་ཧུ་དཱའི་སྐད་དོད་དེ་དཀོན་མཆོག་གི་བཞུགས་གནས་ཞེས་པའི་དོན་ལ༌འཇུག