ལེའུ་སོ་བདུན༌པ།
ཡོ་སེབ་ཀྱི་རྨི་ལམ༌སྐོར།
དེ་ཡང་ཡ་ཀོབ་ནི་ཀ་ན་ཨན་ཡུལ་དུ་སྡོད་ཅིང་ཡུལ་དེ་ཁོའི་ཕ་བསྡད་མྱོང་བའི་ཡུལ་ཡང་ཡིན༌ནོ།། ཡ་ཀོབ་ཀྱི་མཛད་རྗེས་ནི་འདི་ལྟ༌སྟེ།
ཡོ་སེབ་ཀྱིས་ལོ་བཅུ་བདུན་སྟེང་རང་གི་གཅེན་པོ་རྣམས་དང་མཉམ་དུ་ར་ལུག་འཚོས༌ཤིང༌། ཁོ་གཞོན་ནུ་ཞིག་ཡིན༌ལ། རྒྱུན་དུ་ཁོའི་ཕ་ཡི་ཆུན་མ་པིལ་ཧ་དང་ཟིལ་པཱ་ཡི་བུ་རྣམས་དང་མཉམ་དུ༌བསྡད། ཡོ་སེབ་ཀྱིས་གཅེན་པོ་རྣམས་ཀྱི་སྤྱོད་ངན་མཐའ་དག་ཕ་ལ་སྨྲས༌སོ།། ཡེས་ར་ཨེལ་གྱིས་བུ་གཞན་རྣམས་ལས་ཡོ་སེབ་ལ་ཤིན་ཏུ་གཅེས༌སོ། །ཅིའི་ཕྱིར་ཞེ༌ན། ཡོ་སེབ་ནི་ཁོ་རང་ལོ་ན་རྒས་པའི་དུས་སུ་སྐྱེས་པའི་བུ་ཡིན་པའི་ཕྱིར༌རོ། །ཁོས་ཡོ་སེབ་ལ་ཕྱི་གོས་ཁྲ་བོ་ཞིག་ཀྱང༌བཟོས། དེ་ནས་ཡོ་སེབ་ཀྱི་གཅེན་པོ་རྣམས་ཀྱིས་ཕ་ཡིས་ཁོ་རྣམས་ལས་ཡོ་སེབ་ལ་ཤིན་ཏུ་གཅེས་པ་མཐོང༌སྟེ། ཡོ་སེབ་ལ་སྡང་ཞིང་ཡིད་སེམས་མཐུན་པའི་གཏམ་མི༌སྨྲའོ།།
དེ་ཡང་ཡོ་སེབ་ཀྱིས་རྨི་ལམ་ཞིག་རྨིས་ཏེ་གཅེན་པོ་རྣམས་ལ་སྨྲས་པ་དང་ཁོ་རྣམས་ཡོ་སེབ་ལ་ལྷག་ཏུ་སྡང་བར༌གྱུར། ཡོ་སེབ་ཀྱིས་གཅེན་པོ་རྣམས་ལ་འདི༌ལྟར། ཁྱོད་ཅག་གིས་བདག་གི་རྨི་ལམ་ལ་གསན་པར༌ཞུ། ལྟོས༌དང༌། རང་ཅག་གིས་ཞིང་ནང་དུ་ཚར་ཕོན་སྡོམ་པའི་སྐབས༌སུ། བདག་གིས་བསྡམས་པའི་ཚར་ཕོན་ནི་གྱེན་དུ་བསྒྲེངས༌ཤིང༌། ཁྱོད་ཅག་གིས་བསྡམས་པའི་ཚར་ཕོན་དག་གིས་བདག་གི་ཚར་ཕོན་གྱི་མཐའ་བསྐོར་ནས་ཕྱག་བཙལ་བ་ཡིན་ཞེས་སྨྲས༌པའོ།། དེ་ནས་ཁོའི་གཅེན་པོ་རྣམས་ན༌རེ། ཁྱོད་ནི་དངོས་གནས་ངེད་ཅག་གི་རྒྱལ་པོར་བྱེད༌དམ། ཁྱོད་ཀྱིས་དངོས་གནས་ངེད་ཅག་ལ་དབང་བསྒྱུར་རམ་ཞེས་སྨྲས་པ༌དང༌། ཁོ་རྣམས་ཀྱིས་ཡོ་སེབ་ཀྱི་རྨི་ལམ་དང་ཁོས་སྨྲས་པའི་སྐད་ཆ་ཐོས་པ་དང་ཁོ་ལ་ལྷག་ཏུ་སྡང་བར་གྱུར༌ཏོ།། ཕྱིས་སུ་ཡོ་སེབ་ཀྱིས་ཡང་རྨི་ལམ་གཞན་ཞིག་རྨིས་ཤིང་ཁོའི་གཅེན་པོ་རྣམས་ལ་འདི༌ལྟར། ལྟོས༌དང༌། ཡང་བདག་གིས་རྨི་ལམ་ཞིག་རྨིས༌ཏེ། རྨི་ལམ་ནང་དུ་ཉི་མ༌དང༌། ཟླ༌བ། སྐར་མ་བཅུ་གཅིག་བཅས་ཀྱིས་བདག་ལ་ཕྱག་བཙལ་བ་ཡིན་ཞེས་སྨྲས༌སོ།།
10 དེ་ནས་ཡོ་སེབ་ཀྱིས་ཐེངས་འདིའི་རྨི་ལམ་དེ་རང་གི་ཕ་ལའང་སྨྲས་པ༌ན། ཕ་ན༌རེ། ཁྱོད་ཀྱི་རྨི་ལམ་དེ་ཅི་ཡིན༌ནམ། བདག༌དང༌། ཁྱོད་ཀྱི་མ༌ཡུམ། ཁྱོད་ཀྱི་གཅེན་པོ་རྣམས་དངོས་གནས་ཁྱོད་ཀྱི་མདུན་དུ་ཡོང་སྟེ་ཁྱོད་ལ་ཕྱག་འཚལ་ལམ་ཞེས་སྨྲས༌སོ།། 11 དེ་ནས་ཁོའི་གཅེན་པོ་རྣམས་ཀྱིས་ཁོ་ལ་ཕྲག་དོག་བྱས་ནའང་ཕ་ཡིས་བུའི་གཏམ་དེ་སེམས་སུ་བཟུང་བ༌རེད།
ཡོ་སེབ་ཅེས་བྱ་བ་ཨེ་ཅིབ་ཡུལ་དུ་བཙོངས༌པ།
12 དེ་ཡང་ཡོ་སེབ་ཀྱི་གཅེན་པོ་རྣམས་ནི་ཁོ་རྣམས་ཀྱི་ཕ་ཡི་ར་ལུག་འཚོ་བར་སི་ཀེམ་ཡུལ་དུ་སོང་ཡོད༌ལ། 13 ཡེས་ར་ཨེལ་གྱིས་ཡོ་སེབ་ལ་འདི༌ལྟར། ཁྱོད་ཀྱི་གཅེན་པོ་རྣམས་ཀྱིས་སི་ཀེམ་ཡུལ་དུ་ར་ལུག་འཚོ་བ་མ་ཡིན༌ནམ། ཁྱོད་འདིར་ཤོག༌དང༌། བདག་གིས་ཁྱོད་རང་ཁོ་རྣམས་ཀྱི་གནས་དེར་མངག་པར་བྱ་ཞེས་སྨྲས་པ༌ན། ཡོ་སེབ་ཀྱིས་ལགས་སོ་ཞེས༌སྨྲས། 14 ཡང་ཡེས་ར་ཨེལ་ན༌རེ། ཁྱོད་རང་གི་གཅེན་པོ་རྣམས་བདེའམ་མི་བདེ༌དང༌། ར་ཁྱུ་དང་ལུག་ཁྱུ་བདེའམ་མི་བདེ་ལ་བལྟ་རུ་སོང༌སྟེ། ཕྱིར་ཡོང་ནས་བདག་ལ་སྨྲོས་ཤིག་ཅེས་སྨྲས་པ་དང་ཧེབ་རོན་ལུང་པ་ནས་མངགས༌ཤིང༌། ཁོ་རང་ལམ་ལ་ཆས་ཏེ་སི་ཀེམ་ཡུལ་དུ་སོང༌ངོ༌།།
15 དེ་ནས་མི་གཞན་གྱིས་ཁོ་རང་སྤང་ཐང་དུ་མགོ་འཁོར་ནས་ལམ་ནོར་བ་མཐོང༌སྟེ། ཁྱོད་ཀྱིས་ཅི་ཞིག་འཚོལ་བཞིན་ཡོད་ཅེས་དྲིས་པ༌ན། 16 ཁོ་ན༌རེ། ངས་རང་གི་གཅེན་པོ་རྣམས་འཚོལ་བཞིན༌ཡོད། ཁོ་རྣམས་ཀྱིས་གནས་གང་དུ་ར་ལུག་འཚོ་བཞིན་པ་བདག་ལ་སྨྲ་བར་མཛོད་ཅེས་ཞུས་པ༌ན། 17 མི་དེ་ན༌རེ། ཁོ་རྣམས་ཀྱིས་མཚེར་ས་སྤར༌ཟིན། བདག་གིས་ཐོས་པ་ལྟར༌ན་ཁོ་རྣམས་དོའུ་ཐཱན་ཡུལ་དུ་འགྲོ་བར་སྨྲ་ཞེས༌སྨྲས། དེ་ནས་ཡོ་སེབ་ཀྱིས་རང་གི་གཅེན་པོ་རྣམས་ཀྱི་རྗེས་བསྙེགས༌ཏེ། ཁོ་རྣམས་དོའུ་ཐཱན་དུ་ཡོད་པ་མཐོང༌ངོ༌།།
18 ཡོ་སེབ་ཀྱི་གཅེན་པོ་རྣམས་ཀྱིས་རྒྱང་རིང་ནས་ཁོ་རང་མཐོང་བ་དང་ཉེ་བར་མ་སླེབས་པའི་སྐབས་དང་བསྟུན་ནས་ཁོ་རང་གསོད་པར་གྲོས་བྱས༌ཏེ། 19 ཕན་ཚུན་ལ་འདི༌ལྟར། ལྟོས༌དང༌། རྨི་ལམ་རྨི་མཁན་དེ་ཡོང་བཞིན༌འདུག 20 ཤོག༌དང༌། རང་ཅག་གིས་ཁོ་རང་བསད་ནས་ས་དོང་ཞིག་གི་ནང་དུ་འཕེན་པར༌བྱ། ཁོ་རང་གཅན་གཟན་གྱིས་ཟོས་སོང་ཞེས་སྨྲ་བར༌བྱ། དེས་ན་ཁོའི་རྨི་ལམ་མ་འོངས་པར་ཅི་འདྲ་ཞིག་ཡིན་པར་བལྟ་ཞེས་སྨྲས༌སོ།། 21 དེ་ནས་རུ་བེན་གྱིས་གཏམ་དེ་དག་ཐོས་པ་དང་ཁོ་རྣམས་ལས་ཡོ་སེབ་སྐྱོབ་འདོད་དེ་འདི༌ལྟར། རང་ཅག་གིས་ཁོ་རང་གསོད་མི་རུང་ཞེས༌དང༌། 22 ཡང་ན༌རེ། ཁོ་རང་གསོད་མི༌རུང༌། གནོད་འཚེ་ཅི་ཡང་མི་བྱེད་པར་དབེན་སྟོང་དུ་ཡོད་པའི་ས་དོང་འདིའི་ནང་དུ་འཕེན་པར་བྱ་ཞེས་སྨྲས༌སོ། །རུ་བེན་གྱིས་དེ་ལྟར་སྨྲས་པ་ནི་ཡོ་སེབ་ཁོ་རྣམས་ལས་བསྐྱབས་ཏེ་ཁོའི་ཕ་ལ་སྤྲོད་འདོད་པའི་ཕྱིར༌རོ།། 23 དེ་ནས་ཡོ་སེབ་རང་གི་གཅེན་པོ་རྣམས་ཀྱི་གམ་དུ་སླེབས་པ་དང༌། ཁོ་རྣམས་ཀྱིས་ཡོ་སེབ་ཀྱི་ལུས་ལ་གྱོན་ཡོད་པའི་ཕྱི་གོས་ཁྲ་བོ་དེ་ཕུད༌ཅིང༌། 24 ཁོ་རང་ས་དོང་ནང་དུ༌འཕངས། ས་དོང་དེའི་ནང་དུ་ཆུ་མེད་པར་སྟོང་བ་ཡིན༌ནོ།།
25 དེ་ནས་ཁོའི་གཅེན་པོ་རྣམས་ས་ལ་བསྡད་ནས་ཁ་ཟས་སྤྱད་ཅིང་མགོ་ཡར་བཀྱགས་ནས་བལྟས་པ༌ན། ཡེས་མ་ཨེལ་མི་རིགས་ཀྱི་ཚོང་པ་སྐོར་ཞིག་གིལ་ཨད་ཡུལ་ནས་ཡོང་བཞིན་ཡོད་པ༌དང༌། ཁོ་རྣམས་ཀྱིས་བསུང་རྫས༌དང༌། སྤོས་དཀར། གུ་གུལ་བཅས་རྔ་མོང་དག་ལ་བཀལ་ནས་མར་ཨེ་ཅིབ་ཡུལ་དུ་འགྲོ་བཞིན་པ་མཐོང༌ངོ༌།། 26 དེ་ནས་ཡ་ཧུ་དཱ་ཡིས་སྤུན་གཞན་རྣམས་ལ་འདི༌ལྟར། རང་ཅག་གིས་སྤུན་ཆུང་བསད་ནས་དོན་དེ་གསང་ན་ཅི་ལ༌ཕན། 27 དེའི༌ཕྱིར། རང་ཅག་གིས་ཁོ་རང་ཡེས་མ་ཨེལ་མི་རིགས་ལ་བཙོངས་ན་ལེགས༌སོ། །ཁོ་རང་གསོད་མི་འོས༌ཏེ། ཁོ་ནི་རང་ཅག་དང་ཤ་ཁྲག་གཅིག་ལས་མཆེད་པའི་སྤུན་ཡིན༌པའི་ཕྱིར་རོ་ཞེས་སྨྲས་པ་དང་སྤུན་གཞན་རྣམས་ཀྱིས་ཀྱང་ཁོའི་གཏམ་ལ༌མཉན་ཏོ།། 28 དེ་ནས་ཡེས་མ་ཨེལ་ཞེས་བྱ་བ་སྟེ་མིད་ཡཱན་མི་རིགས་ཀྱི་ཚོང་པ་འགའ་ཤས་ཡུལ་དེ་བརྒྱུད་ནས་འགྲོ་བའི་ཚེ༌ན། ཡོ་སེབ་ཀྱི་གཅེན་པོ་རྣམས་ཀྱིས་ཁོ་རང་ས་དོང་ལས་བླངས༌ཏེ། དངུལ་སྲང་ཉི་ཤུར་ཐག་བཅད་པ་ལྟར་ཁོ་རང་ཡེས་མ་ཨེལ་མི་རིགས་ཀྱི་ཚོང་པ་རྣམས་ལ་བཙོངས་པ༌དང༌། དེ་རྣམས་ཀྱིས་ཁོ་རང་ཨེ་ཅིབ་ཡུལ་དུ་ཁྲིད༌དོ།།
29 དེ་ནས་རུ་བེན་ས་དོང་གི་གམ་དུ་ཡོང་བ་དང་ཡོ་སེབ་མེད་པ་མཐོང་ནས་ཡིད་ཤིན་ཏུ་སྐྱོ་སྟེ་རང་གི་གྱོན་གོས་ཀྱང་བཤགས་པ༌དང༌། 30 སྤུན་རྣམས་ཀྱི་གམ་དུ་སོང༌སྟེ། སྤུན་ཡོ་སེབ་མི༌མཐོང༌། ད་ནི་ང་རང་གང་དུ་འགྲོའམ་ཞེས་སྨྲས༌སོ།།
31 དེ་ནས་གཅེན་པོ་རྣམས་ཀྱིས་ར་ཕོ་ཞིག་བཤས་ཤིང་ཡོ་སེབ་ཀྱི་ཕྱི་གོས་དེ་ཁྲག་གི་ནང་དུ་སྦངས༌རྗེས། 32 མི་ཞིག་གྱོན་གོས་དེ་ཁོ་རྣམས་ཀྱི་ཕ་ཡི་དྲུང་དུ་བསྐྱལ་བར་མངགས༌ཤིང༌། ཕ་ལ་འདི་ལྟར་བརྗོད་པ་སྟེ། ངེད་ཅག་གིས་གྱོན་གོས་འདི་རྙེད་པ༌ཡིན། དེ་ནི་ཁྱེད་ཀྱི་བུ་ཡོ་སེབ་ཀྱི་གྱོན་གོས་ཡིན་མིན་ལ་བལྟ་བར་མཛོད་ཅེས་སྨྲས༌པའོ།།
33 དེ་ནས་ཕ་ཡིས་བུའི་གྱོན་གོས་ཡིན་པ་ཤེས་ཏེ་འདི་སྐད༌དུ། འདི་ནི་བདག་གི་བུ་ཡོ་སེབ་ཀྱི་ཕྱི་གོས་ཡིན༌འདུག ཁོ་ནི་ད་ལྟ་གཅན་གཟན་གྱིས་ཟོས༌སོང༌། བུ་ཡོ་སེབ་དུམ་བུ་དུམ་བུར་བྱས་པ་ཤ་སྟག་རེད་ཅེས་སྨྲས༌ཤིང༌། 34 ཡ་ཀོབ་ཀྱིས་རང་གི་གྱོན་གོས་བཤགས་པ༌དང༌། ལུས་སྨད་དུ་རྩིད་རས་གྱོན༌ཏེ་བུ་ཡི་ཆེད་དུ་ཉིན་དུ་མར་མྱ་ངན༌བྱས། 35 དེ་ནས་ཡ་ཀོབ་ཀྱི་བུ་བུ་མོ་ཐམས་ཅད་ཡོང་ནས་ཁོང་ལ་སེམས་གསོ་བྱས༌ནའང༌། ཁོང་གིས་དེ་དག་གི་སེམས་གསོའི་གཏམ་ལ་མི་ཉན་པར་མ་ཟད་འདི་སྐད༌དུ། བདག་ནི་མྱ་ངན་གྱི་ངང་ནས་གཤིན་པོའི་གནས་ཀྱི་བུ་ཡོ་སེབ་གམ་དུ་འགྲོ་ངེས་ཡིན་ཞེས་སྨྲས་པ་དང་བུ་ཡི་རྐྱེན་གྱིས་ཡིད་སྐྱོ་བའི་ངང་ནས་ངུས༌སོ།།
36 དེ་ཡང་མིད་ཡཱན་པ་དེ་རྣམས་ཀྱིས་ཡོ་སེབ་ཅེས་བྱ་བ་ཨེ་ཅིབ་ཡུལ་དུ་ཁྲིད༌ཅིང༌། ཡང་ཁོ་རང་རྒྱལ་པོ་ཕཱར་ཨོལ་གྱི་ནང་བློན༌ཏེ། རྒྱལ་པོའི་སྐུ་སྲུང་དམག་དཔོན་ཕའོ་ཏི་ཕར་ལ་བཙོངས༌སོ།།