ལེའུ་དགུ་པ།
ང་ཚོའི་ཆེད་དུ་ཕྲུ་གུ་ཞིག་འཁྲུངས་པ།
ཡིན་ནའང་སྔར་དཀའ་སྡུག་མྱངས་པ་དག་གི་སྨག་རུམ་ཡལ་བར་འགྱུར་ཞིང་། སྔར་དཀོན་མཆོག་གིས་ཟེ་བུ་ལུན་དང་ནཱབ་ཐ་ལིའི་ཡུལ་གཉིས་ལ་ཁྱད་གསོད་བྱེད་དུ་བཅུག་ནའང་། རྗེས་སུ་ཁོང་གིས་རྒྱ་མཚོའི་འགྲམ་རྒྱུད་དང་ཡོར་དན་གཙང་པོའི་ཕར་ཕྱོགས། ཕྱི་ཕྱོགས་པའི་ག་ལིལ་ཡུལ་བཅས་སུ་གཟི་བརྗིད་འཐོབ་པར་བྱའོ། ། མུན་པའི་ནང་དུ་བགྲོད་པའི་མི་རྣམས་ཀྱིས་འོད་ཟེར་ཆེན་པོ་མཐོང་བ་དང་། སྨག་རུམ་ཡུལ་དུ་གནས་པ་རྣམས་ཀྱི་སྟེང་དུ་འོད་འཕྲོ་བར་འགྱུར། ཁྱེད་ཀྱིས་རྒྱལ་ཁམས་འདིའི་མི་རྣམས་མང་དུ་སྤེལ་ཞིང་དེ་དག་ལ་དགའ་སྤྲོ་གནང་བ་དང་། མི་རྣམས་ནི་སྟོན་ཐོག་བསྡུ་སྐབས་དགའ་ཞིང་བཅོམ་ནོར་བགོ་བཤའ་རྒྱག་དུས་སྤྲོ་བ་ནང་བཞིན་ཁྱེད་ཀྱི་དྲུང་དུ་དགའ་བར་འགྱུར་རོ། ། ཅི་ལ་ཞེ་ན། ཁྱེད་ཀྱིས་མིད་ཡཱན་ཡུལ་དུ་གང་ཞིག་མཛད་པའི་ཉིན་མོ་བཞིན་དུ། དེ་དག་གིས་འཁུར་བའི་གཉའ་ཤིང་དང་ཕྲག་གི་དབྱུག་པ། དེ་དག་ལ་བརྙས་བཅོས་བྱེད་མཁན་གྱི་ལྕུག་ཕྲན་རྣམས་བཅག་པ་དང་། གཡུལ་འཁྲུག་གི་ཟིང་ཆའི་ནང་ཞུགས་པའི་དམག་མི་ཐམས་ཅད་ཀྱི་ལྷམ་དང་། ཁྲག་གི་ནང་དུ་གྲིལ་བའི་གྱོན་གོས་རྣམས་འབར་རྫས་སུ་གྱུར་ནས་མེ་རུ་བསྲེག་པར་འགྱུར་བའི་ཕྱིར་དང་། ཡང་ང་ཚོའི་ཆེད་དུ་ཕྲུ་གུ་ཞིག་འཁྲུངས་ཤིང་ང་ཚོ་ལ་སྲས་ཤིག་གནང་བ་ཡིན། སྲིད་དབང་ཁོང་གི་ཕྲག་ལ་མནབས་པ་དང་། ཁོང་གི་མཚན་ལ་ངོ་མཚར་བའི་ཇུས་འདོན་མཁན་དང་ཀུན་དབང་གི་དཀོན་མཆོག རྟག་པའི་ཡབ་ཆེན། ཞི་བདེའི་རྒྱལ་སྲས་བཅས་སུ་འབོད་པའོ། ། ཁོང་གི་སྲིད་དབང་དང་ཞི་བདེ་ནི་མུ་མཐའ་མེད་པར་འཕེལ་ཞིང་། ཁོང་གིས་དཱ་བིད་ཀྱི་བཞུགས་ཁྲིའི་སྟེང་ཉིད་ཀྱི་རྒྱལ་སྲིད་བསྐྱང་བ་དང་། དུས་རྟག་ཏུ་དྲང་གཞག་དང་དྲང་བདེན་ངང་རྒྱལ་སྲིད་བརྟན་པོར་བཟོས་ནས་སྲུང་སྐྱོབ་བྱེད། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེའི་འཁུར་ཞེན་གྱིས་དེ་ལྟར་མཛད་ངེས་སོ། །
དཀོན་མཆོག་ནི་ཡེས་ར་ཨེལ་གྱི་སྟེང་དུ་ཐུགས་ཁྲོས་པ།
དཀོན་མཆོག་ཡ་ཝཱེས་ཡ་ཀོབ་ལ་བཀའ་བསྩལ་བ་དང་བཀའ་དེ་ཡེས་ར་ཨེལ་གྱི་སྟེང་ལ་འབབ་པར་འགྱུར། མི་ཐམས་ཅད་དེ་ཨེ་ཕཱར་ཡིམ་དང་སཱ་མར་ཡའི་མི་རྣམས་ཀྱིས་དོན་འདི་རྟོགས་པར་འགྱུར། ཁོ་རྣམས་ཀྱིས་ང་རྒྱལ་དང་ཁེངས་དྲེགས་ཀྱི་སེམས་བཅངས་ཏེ་ན་རེ། 10 སོ་ཕག་གི་མཁར་གྱང་ལོག་ནའང་ང་ཚོས་རྡོ་འཇམ་ཤ་ཅན་གྱིས་བརྩིག་པར་བྱ། འོ་སེ་ཤིང་རྣམས་བཅད་ཀྱང་དེའི་ཚབ་ལ་ཐང་ཤིང་གིས་བྱའོ་ཞེས་སྨྲས། 11 དེ་བས་དཀོན་མཆོག་ཡ་ཝཱེས་རེ་ཙིན་གྱི་དགྲ་རྣམས་སྟོབས་ཤུགས་རྒྱས་པར་མཛད་ནས་ཡེས་ར་ཨེལ་ལ་རྒོལ་བར་འདྲེན་ཞིང་། ཡེས་ར་ཨེལ་གྱི་དགྲ་རྣམས་ལ་ངར་སློང་བར་འགྱུར། 12 ཤར་ཕྱོགས་ནས་ཨ་རམ་པ་དང་ནུབ་ཕྱོགས་ནས་ཕེ་ལེ་ཤེད་པ་རྣམས་ཡོད་ཅིང་། དེ་དག་གིས་ཁ་གདངས་ནས་ཡེས་ར་ཨེལ་ནི་ཁྱུར་མིད་བཏང་། དེ་ལྟ་ནའང་དཀོན་མཆོག་ཡ་ཝཱེའི་ཐུགས་ཁྲོ་མ་ཞི་བར་ཁོང་གི་ཕྱག་ནི་སྔར་བཞིན་བརྐྱངས་ཡོད་པའོ། །
13 མི་འདི་རྣམས་ད་དུང་ཁོ་ཚོར་ཉེས་ཆད་གཅོད་མཁན་ཏེ་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེའི་ཕྱོགས་སུ་འཁོར་མེད་ལ། ཁོང་བཙལ་ཡང་མ་བཙལ། 14 དེ་བས་དཀོན་མཆོག་ཡ་ཝཱེས་ཡེས་ར་ཨེལ་གྱི་མགོ་དང་རྔ་མ་དང་། ཏ་ལའི་ཡལ་ག་དང་འདམ་རྩྭ་བཅས་ཉིན་གཅིག་གི་ནང་དུ་གཅོད་ངེས་ཡིན། 15 རྒན་པ་དང་ཆེ་མཐོང་ཅན་རྣམས་ནི་མགོ་དང་། རྫུན་གྱི་སློབ་སྟོན་གནང་མཁན་གྱི་ལུང་སྟོན་པ་ནི་མཇུག་མའོ། ། 16 ཅི་ལ་ཞེ་ན། འགོ་དཔོན་དག་གིས་མི་རྣམས་ལོག་ལམ་དུ་ཁྲིད་པ་དང་། སྣེ་ཁྲིད་འོག་གི་མི་རྣམས་ཟང་ཟིང་དུ་ལུས་སོ། ། 17 མི་དེ་ཐམས་ཅད་ནི་དད་པ་མེད་ཅིང་ངན་པ་ཡིན་ལ་ཀུན་གྱིས་བླུན་གཏམ་སྨྲ་བས། དཀོན་མཆོག་ཡ་ཝཱེ་དེ་དག་གི་མི་དར་མ་རྣམས་ལ་ཐུགས་མི་དགྱེས་པར་མ་ཟད། དེ་དག་གི་དྭ་ཕྲུག་རྣམས་དང་ཡུགས་མོ་རྣམས་ལའང་སྙིང་རྗེ་མི་དགོངས། དེ་ལྟ་ནའང་དཀོན་མཆོག་ཡ་ཝཱེའི་ཐུགས་ཁྲོ་མ་ཞི་བར་ཁོང་གི་ཕྱག་ནི་སྔར་བཞིན་བརྐྱངས་ཡོད་པའོ། །
18 དེ་དག་གི་ངན་རུལ་མེ་ལྟར་འབར་ཏེ། ཚེར་སྡོང་དང་ཚེར་མ་རྣམས་ཁྱུར་མིད་གཏོང་ཞིང་། ནགས་ཚལ་སྟུག་པོ་ལའང་མེ་སྦར་ནས་མེ་ལྕེ་དགུང་ལ་མཆེད་ཅིང་དུ་བའི་ཀ་བར་འགྱུར་རོ། ། 19 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེའི་ཐུགས་ཁྲོ་དྲག་པོས་ཡུལ་དེ་ཁྱུར་མིད་གཏོང་བ་དང་། མི་རྣམས་མེ་སྦར་བའི་འབར་རྫས་ལྟར་གྱུར་པས་རང་གི་སྤུན་ཟླ་ལ་གུ་ཡངས་གཏོང་མཁན་གཅིག་ཀྱང་མེད། 20 དེ་ཚོས་ལག་གཡས་པའི་ཤ་བཅད་ནས་ཟོས་ཀྱང་སྔར་བཞིན་བཀྲེས་པ་དང་། ལག་གཡོན་པའི་ཤ་ཟོས་ཀྱང་ད་དུང་མགུ་མི་ཁེངས། དེ་དག་གིས་རང་རང་གི་དཔུང་ཤ་བཟའ་བར་འགྱུར། 21 མཱ་ན་ཤེ་ཡིས་ཨེ་ཕཱར་ཡིམ་ཁྱུར་མིད་གཏོང་ཞིང་། ཨེ་ཕཱར་ཡིམ་གྱིས་མཱ་ན་ཤེ་ཁྱུར་མིད་གཏོང་བ་དང་། དེ་རྣམས་བསྡོངས་ནས་ཡ་ཧུ་དཱ་ལ་ཕར་རྒོལ་བྱེད། དེ་ལྟ་ནའང་དཀོན་མཆོག་ཡ་ཝཱེའི་ཐུགས་ཁྲོ་མ་ཞི་བར་ཁོང་གི་ཕྱག་ནི་སྔར་བཞིན་བརྐྱངས་ཡོད་པའོ། །