ལེའུ་ང་དྲུག་པ།
ཕྱི་ཕྱོགས་པ་རྣམས་དཀོན་མཆོག་གི་མི་རུ་གྱུར་པ།
1 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་རྣམས་ཀྱིས་དྲང་པོ་བསྲུང་ཞིང་དྲང་བདེན་སྤྱོད་ཅིག གང་ལ་ཞེ་ན། བདག་གི་ཐར་པ་སླེབས་ལ་ཉེ་ཞིང་། བདག་གི་དྲང་བདེན་མངོན་པར་ཉེ། 2 ངལ་གསོ་བའི་ཉིན་མོ་བསྲུང་ཞིང་ཉིན་དེར་ལྷད་མི་འཇུག་ལ། རང་གི་ལག་པ་བསྲུངས་ནས་ལས་ངན་པ་མི་སྤྱོད་ཅིང་། དེ་ལྟར་སྤྱོད་པའི་མི་དང་དེ་བཞིན་སྲུང་མཁན་དག་ལ་བྱིན་རླབས་འཐོབ་པར་འགྱུར།
3 དཀོན་མཆོག་ཡ་ཝཱེ་དང་འབྲེལ་བའི་ཕྱི་ཕྱོགས་པས། དཀོན་མཆོག་ཡ་ཝཱེས་ང་རང་ཁོང་གི་མི་སྡེ་ལས་དགར་བར་འགྱུར་ཞེས་མ་བརྗོད་ཅིག ཉུག་རུམ་པས་ཀྱང་། ལྟོས་དང་ང་ནི་སྡོང་སྐམ་ཞིག་ཡིན་ཞེས་མ་བརྗོད། 4 གང་ལ་ཞེ་ན། དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། བདག་གི་ངལ་གསོ་བའི་ཉིན་མོ་བསྲུངས་ཏེ། བདག་དགའ་བའི་དོན་རྣམས་འདེམས་ཤིང་། བདག་གི་ཁ་ཆད་བསྲུངས་ནས་ཉུག་རུམ་བཟོས་པའི་མི་དག་ལ། 5 བདག་གི་མཆོད་ཁང་དང་ལྕགས་རིའི་ནང་དུ་བུ་དང་བུ་མོ་ཡོད་པ་ལས་ཀྱང་ལེགས་པའི་རྗེས་དྲན་དང་མིང་ངས་གནང་བར་འགྱུར་ཞིང་། འཇིག་པ་མེད་པའི་གཏན་གནས་ཀྱི་མིང་ཞིག་གནང་བར་བྱའོ། །
6 ཡང་དཀོན་མཆོག་ཡ་ཝཱེ་ལ་ཞབས་ཕྱི་བསྒྲུབ་ཕྱིར་ཁོང་དང་འབྲེལ་བའི་ཕྱི་ཕྱོགས་པ་རྣམས་ཏེ། ཡ་ཝཱེའི་མིང་ལ་དགའ་ཞིང་ཁོང་གི་ཞབས་ཕྱི་བྱས་ནས། ངལ་གསོ་བའི་ཉིན་མོ་སྲུང་བ་ལས་ཉིན་དེ་མ་ལྷད་པར། བདག་གི་ཁ་ཆད་བརྟན་པོར་སྲུང་བ་རྣམས་ཀྱང་། 7 ངས་རང་གི་རི་བོ་དམ་པ་ལ་འཁྲིད་པར་བྱ་ཞིང་། བདག་གི་མཆོད་ཁང་སྟེ་སྨོན་ལམ་ཞུ་ས་རུ་དགའ་སྤྲོས་ཁྱབ་པ་དང་། བདག་གི་མཆོད་ཁྲིའི་ཁར་ཁོ་ཚོའི་སྦྱིན་སྲེག་དང་མཆོད་པ་དང་ལེན་བྱའོ། །ཅིའི་ཕྱིར་ཞེ་ན། བདག་གི་མཆོད་ཁང་ནི་མི་རིགས་ཀུན་གྱི་སྨོན་ལམ་ཞུ་སའི་གནས་སུ་འབོད་པར་འགྱུར་བའི་ཕྱིར་ཡིན་ཞེས་གསུངས་སོ། ། 8 ཁ་འཐོར་དུ་སོང་བའི་ཡེས་ར་ཨེལ་པ་རྣམས་ཕྱོགས་གཅིག་ཏུ་སྡུད་མཁན་གཙོ་བོ་ཡ་ཝཱེས་འདི་སྐད་དུ། བདག་གིས་ཕྱོགས་གཅིག་ཏུ་བསྡུས་པའི་ཡེས་ར་ཨེལ་པ་འདི་རྣམས་ཕན་ཆད་ནས་གཞན་རྣམས་ཀྱང་ཁོ་ཚོའི་གྲས་སུ་བསྡུ་བར་བྱའོ་ཞེས་གསུངས་སོ། །
9 ཀྱེ་རི་ལུང་གི་གཅན་གཟན་ཐམས་ཅད། ནགས་ཚལ་གྱི་གཅན་གཟན་ཐམས་ཅད། ཁྱོད་ཅག་འགེམ་དུ་ཤོག་ཅིག 10 ཁོའི་སོ་པ་རྣམས་ནི་དམུས་ལོང་དང་། ཅི་ཡང་མི་ཤེས་པ། ཟུག་སྐད་མེད་པའི་ཁྱི་ལྐུགས་པ། རྨི་ལམ་རྨི་ཞིང་ཉལ་ནས་གཉིད་ལྡོག་པ་དག་ཡིན། 11 ཁྱི་དེ་དག་ཟ་རྔམ་ཆེ་ཞིང་ཧམ་པས་ཁེངས། དེ་དག་ནི་གོ་བ་མེད་པའི་ལུག་རྫི་ཡིན། དེ་དག་ལམ་ལོག་ཏུ་ཞུགས་ནས་རེ་རེས་རང་རང་གི་ཁེ་བཟང་འཚོལ་ལོ། ། 12 དེ་དག་ན་རེ། ཚུར་ཤོག་དང་། ང་རྒུན་ཆང་ལེན་དུ་འགྲོ། ང་ཚོས་གར་ཆང་རྔམ་གྱིས་འཐུང་བར་བྱ། སང་ཉིན་ཡང་དེ་རིང་དང་མཚུངས་པར་མ་ཟད་དེ་རིང་ལས་ཀྱང་ཕུན་སུམ་ཚོགས་པ་ཡིན་ཞེས་སྨྲའོ། །