ལེའུ་བཅུ་པ།
ཐོ་ལཱ།
དེ་ཡང་ཨ་བི་མེ་ལེག་གི་རྗེས་སུ། ཡེས་སི་ཀཱར་པ་དོ་དོ་ཡི་ཚ་བོ་སྟེ། ཕུ༌བཱ་ཡི་བུ་ཡེས་སི་ཀཱར་པ་ཐོ་ལཱ་ནི་ཡེས་ར་ཨེལ་པ་རྣམས་སྐྱོབ་པར་བྱུང་ཞིང་། ཁོ་རང་ཨེ་ཕཱར་ཡིམ་གྱི་རི་ཁུལ་ཏེ་ཤཱ་མིར་དུ་གནས། ཐོ་ལཱ་ནི་ལོ་ཉེར་གསུམ་རིང་ལ་ཡེས་ར་ཨེལ་གྱི་ཁྲིམས་དཔོན་བྱས་རྗེས་ཚེ་ལས་འདས་ཤིང་ཤཱ་མིར་དུ་དུར་ལ་སྦས་སོ། །
ཡཱ་ཨིར།
ཡང་ཁོའི་རྗེས་སུ་གིལ་ཨད་པ་ཡཱ་ཨིར་བྱུང་ཞིང་། ལོ་ཉེར་གཉིས་རིང་ལ་ཡེས་ར་ཨེལ་གྱི་ཁྲིམས་དཔོན་བྱས། དེ་ལ་བུ་སུམ་ཅུ་ཡོད་པ་བོང་གསེབ་སུམ་ཅུར་བཞོན་པ་དང་། ཁོ་རྣམས་ལ་གྲོང་ཁྱེར་སུམ་ཅུ་ཡོད་པའི་མིང་ལ་ད་ལྟའི་བར་དུ་ཡཱ་ཨིར་གྱི་གྲོང་ཁྱེར་རྣམས་ཟེར་ཞིང་། དེ་ཐམས་ཅད་གིལ་ཨད་ཡུལ་དུ་ཆགས་སོ། ། ཡཱ་ཨིར་ཚེ་ལས་འདས་རྗེས་ཀཱ་མོན་ཡུལ་དུ་དུར་ལ་སྦས་སོ། །
ཡེབ་ཐཱ།
ཡང་ཡེས་ར་ཨེལ་པ་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ངན་པ་གང་ཡིན་དེ་སྤྱད་ཅིང་། པཱ་ཨལ་ལིམ་རྣམས་དང་ཨ་ཤཱ་ཏ་རོད་དང་། དེ་མིན་ཨ་རམ་གྱི་ལྷ་རྣམས་དང་། ཚི་ཏུན་གྱི་ལྷ་རྣམས། མོ་ཨབ་པའི་ལྷ་རྣམས། ཨམ་མོན་པའི་ལྷ་རྣམས། ཕེ་ལེ་ཤེད་པའི་ལྷ་རྣམས་བཅས་ལ་ཞབས་ཏོག་བསྒྲུབས་ཤིང་། དཀོན་མཆོག་ཡ་ཝཱེ་སྤངས་ནས་ཁོང་ལ་ཞབས་ཕྱི་མ་བསྒྲུབས་སོ། ། དེ་ནས་དཀོན་མཆོག་ཡ་ཝཱེ་ནི་ཡེས་ར་ཨེལ་པ་རྣམས་ལ་ཐུགས་ཁྲོས་ཤིང་། ཁོ་རྣམས་ཕེ་ལེ་ཤེད་པ་དང་ཨམ་མོན་པའི་ལག་ཏུ་སྤྲད། དེ་ནས་བཟུང་སྟེ་ལོ་ངོ་བཅོ་བརྒྱད་ཀྱི་རིང་ལ། དེ་དག་གིས་ཡོར་དན་གཙང་པོའི་ཕ་རོལ་གྱི་ཨེ་མོར་པའི་གིལ་ཨད་ཡུལ་ལ་གནས་པའི་ཡེས་ར་ཨེལ་པ་རྣམས་ལ་འཚེ་ཞིང་མནར་གཅོད་བཏང་ངོ་། ། ཡང་ཨམ་མོན་པ་རྣམས་ཀྱིས་ཡོར་དན་གཙང་པོ་བརྒལ་ནས་ཡ་ཧུ་དཱ་དང་པེན་ཡཱ་མེན། དེ་མིན་ཨེ་ཕཱར་ཡིམ་གྱི་ཁྱིམ་རྒྱུད་བཅས་ལ་འཐབ་པས། ཡེས་ར་ཨེལ་པ་རྣམས་ལ་སྡུག་བསྔལ་ཆེན་པོ་བྱུང་ངོ་། ། 10 དེ་ནས་ཡེས་ར་ཨེལ་པ་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེ་ལ་འོ་དོད་བོས་ནས་འདི་ལྟར། ངེད་རྣམས་ཀྱིས་ཁྱེད་ལ་འགལ་བའི་སྡིག་པ་བྱས་ཏེ། རང་གི་དཀོན་མཆོག་སྤངས་ནས་པཱ་ཨལ་ལིམ་རྣམས་ལ་ཞབས་ཏོག་བསྒྲུབས་པ་ཡིན་ཞེས་ཞུས་པ་ལ། 11 དཀོན་མཆོག་ཡ་ཝཱེས་ཡེས་ར་ཨེལ་པ་རྣམས་ལ་འདི་སྐད་དུ། ངས་ཁྱོད་རྣམས་ཨེ་ཅིབ་པ་དང་། ཨེ་མོར་པ། ཨམ་མོན་པ། ཕེ་ལེ་ཤེད་པ་རྣམས་ཀྱི་ལག་ནས་ཐར་བར་མ་བྱས་སམ། 12 ཡང་ཚི་ཏུན་པ་དང་ཨ་མཱད་ལེག་པ། མ་ཨོན་པ་རྣམས་ཀྱིས་ཀྱང་ཁྱོད་ཅག་ལ་མནར་གཅོད་བཏང་ཞིང་། ཁྱོད་རྣམས་ཀྱིས་ང་ལ་འོ་དོད་བོས་པས་བདག་གིས་ཁྱོད་རྣམས་དེ་དག་གི་ལག་ནས་ཀྱང་ཐར་དུ་བཅུག་པ་ཡིན། 13 འོན་ཀྱང་ཁྱོད་ཅག་གིས་ང་རང་སྤངས་ཏེ་ལྷ་གཞན་དག་ལ་ཞབས་ཏོག་བསྒྲུབས་པས། ད་ནི་བདག་གིས་ཁྱོད་རྣམས་སྐྱོབ་པར་མི་བྱ་སྟེ། 14 ད་ནི་སོང་ལ་ཁྱོད་ཅག་གིས་བདམས་པའི་ལྷ་རྣམས་ལས་སྐྱབས་ཚོལ་ཞིག ཁྱོད་རྣམས་དཀའ་སྡུག་ལ་འཕྲད་པའི་དུས་སུ་དེ་ལ་ཁྱོད་ཅག་སྐྱོབ་ཏུ་ཆུག་ཅེས་གསུངས། 15 དེ་ནས་ཡེས་ར་ཨེལ་པ་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེ་ལ་འདི་ལྟར། ངེད་ཅག་གིས་སྡིག་པ་བྱས་པས་ཁྱེད་ཀྱིས་ངེད་རྣམས་ལ་ཐུགས་དགོངས་ཇི་བཞིན་མཛད་རོགས། ཡིན་ནའང་དེ་རིང་ཁྱེད་ཀྱིས་ངེད་རྣམས་སྐྱོབ་པར་མཛོད་ཅེས་ཞུས་ཤིང་། 16 ཡེས་ར་ཨེལ་པ་རྣམས་ཀྱིས་ཕྱི་ཕྱོགས་པའི་ལྷ་རྣམས་ཁོ་ཚོའི་ཁྲོད་ནས་སྤངས་ཏེ་དཀོན་མཆོག་ཡ་ཝཱེ་ལ་ཞབས་ཏོག་བསྒྲུབས། ཡེས་ར་ཨེལ་པ་རྣམས་ཀྱི་དཀའ་སྡུག་གི་ཕྱིར་དཀོན་མཆོག་ཡ་ཝཱེས་དེ་རྣམས་ལ་ཐུགས་ཁྲལ་གནང་ངོ་། ། 17 དུས་དེར་ཨམ་མོན་པ་རྣམས་འདུས་ནས་གིལ་ཨད་དུ་སྒར་བཏབ་པ་དང་། ཡེས་ར་ཨེལ་པ་རྣམས་ཀྱང་འདུས་ཏེ་མཱས་ཟི་ཕཱ་རུ་སྒར་བཏབ། 18 དེ་ནས་གིལ་ཨད་པ་དང་འགོ་དཔོན་རྣམས་ཀྱིས་ཕན་ཚུན་ན་རེ། སུ་ཞིག་སྔོན་ལ་ཕྱིན་ཏེ་ཨམ་མོན་པ་རྣམས་ལ་འཐབ་འཛིང་བྱས་ན་དེ་ནི་གིལ་ཨད་ཀྱི་ཡུལ་མི་ཐམས་ཅད་ཀྱི་འགོ་དཔོན་དུ་འགྱུར་ངེས་ཡིན་ཞེས་གྲོས་བྱས་སོ། །