ལེའུ་བཅུ་གཉིས་པ།
ཡེབ་ཐཱ་དང་ཨེ་ཕཱར་ཡིམ་པ་གཉིས་དམག་བརྒྱབ་པ།
1 ཨེ་ཕཱར་ཡིམ་པ་རྣམས་ལྷན་དུ་འདུས་ཏེ་བྱང་ཕྱོགས་སུ་སླེབས་ཤིང་། ཡེབ་ཐཱ་ལ་འདི་ལྟར་སྨྲས་པ་སྟེ། ཁྱོད་རང་ཨམ་མོན་པར་འཐབ་འཛིང་བྱེད་དུ་འགྲོ་དུས། ངེད་ཅག་ཁྱོད་དང་ལྷན་དུ་འགྲོ་ཕྱིར་མི་འབོད་པ་ཅི་ཡིན། ངེད་ཅག་གིས་ཁྱོད་དང་ཁྱོད་ཀྱི་ཁང་པ་མེར་བསྲེག་པར་བྱ་ཞེས་པ་ལ། 2 ཡེབ་ཐཱ་ཡིས་དེའི་ལན་དུ། བདག་དང་བདག་གི་མི་རྣམས་ཨམ་མོན་པ་དང་འཐབ་འཛིང་དྲག་པོ་བྱེད་པའི་དུས་སུ། བདག་གིས་ཁྱོད་རྣམས་བོས་ཀྱང་ཁྱོད་རྣམས་འོངས་ནས་ང་རང་དེ་དག་གི་ལག་ནས་ཐར་བར་མ་བྱས། 3 ངས་ཁྱོད་རྣམས་ང་རང་སྐྱོབ་ཏུ་མི་ཡོང་བ་མཐོང་ནས། རང་སྲོག་འབེན་ལ་བཞག་སྟེ་སོང་ནས་ཨམ་མོན་པ་རྣམས་ལ་འཐབ་འཛིང་བྱས་པ་དང་། དཀོན་མཆོག་ཡ་ཝཱེས་ཁོ་རྣམས་ངའི་ལག་ཏུ་སྤྲད། དེ་རིང་ཁྱོད་རྣམས་ཅིའི་ཕྱིར་འདི་རུ་ང་དང་འཐབ་འཛིང་བྱེད་དུ་འོངས་པ་ཡིན་ནམ་ཞེས་སྨྲས། 4 དེ་ནས་ཡེབ་ཐཱ་ཡིས་གིལ་ཨད་ཀྱི་མི་རྣམས་བསྡུས་ཏེ་ཨེ་ཕཱར་ཡིམ་པ་རྣམས་ལ་འཐབ་འཛིང་བྱས་ཤིང་། གིལ་ཨད་པ་རྣམས་ཀྱིས་ཨེ་ཕཱར་ཡིམ་པ་རྣམས་གསོད་དོན་ནི། དེ་དག་གིས་ཁྱོད་གིལ་ཨད་པ་རྣམས་ནི་ཨེ་ཕཱར་ཡིམ་དང་མཱ་ན་ཤེའི་ཁྲོད་དུ་ཨེ་ཕཱར་ཡིམ་གྱི་བྲོས་བྱོལ་པ་ཙམ་ཡིན་ཞེས་སྨྲས་པའི་ཕྱིར་རོ། ། 5 གིལ་ཨད་པ་རྣམས་ཀྱིས་ཡོར་དན་གཙང་པོའི་རབ་ཁ་བསྲུངས་ནས་ཨེ་ཕཱར་ཡིམ་པ་རྣམས་བཀག་པ་དང་། ཨེ་ཕཱར་ཡིམ་པ་ལས་ཕྱིར་བྲོས་པ་རྣམས་ཀྱིས་ང་ཕར་འགྲོ་རུ་འཇུག་རོགས་ཞེས་ཞུ་བའི་ཚེ། གིལ་ཨད་པ་རྣམས་ཀྱིས་དེ་ལ། ཁྱོད་རང་ཨེ་ཕཱར་ཡིམ་པ་ཡིན་ནམ་མིན་ཞེས་དྲིས་ཤིང་། གལ་ཏེ་ཁོས་མིན་ཟེར་ན། 6 དེ་དག་གིས་ཁོ་ལ། ཁྱོད་ཀྱིས་ཤིབ་པོ་ལེད་ཅེས་སྨྲོས་ཤིག་ཅེས་སྨྲས་པ་དང་། ཨེ་ཕཱར་ཡིམ་པས་དེ་གསལ་པོར་སྨྲ་མ་ནུས་པར་སིབ་པོ་ལེད་ཅེས་སྨྲས་པས། གིལ་ཨད་པས་ཁོ་བཟུང་སྟེ་ཡོར་དན་གཙང་པོའི་རབ་ཁ་ནས་བསད་ཅིང་། དུས་དེར་ཨེ་ཕཱར་ཡིམ་པ་མི་བཞི་ཁྲི་ཉིས་སྟོང་བསད་དོ། ། 7 ཡེབ་ཐཱ་ལོ་དྲུག་གི་རིང་ལ་ཡེས་ར་ཨེལ་གྱི་ཁྲིམས་དཔོན་བྱས། དེ་ནས་གིལ་ཨད་པ་ཡེབ་ཐཱ་ཚེ་ལས་འདས་ཤིང་གིལ་ཨད་ཀྱི་གྲོང་ཁྱེར་ཞིག་གི་ནང་དུ་དུར་ལ་སྦས།
ཨིབ་ཙན་དང་ཨེ་ལོན། ཨབ་དོན།
8 ཡེབ་ཐཱ་ཡི་རྗེས་སུ། པེད་ལེ་ཧེམ་པ་ཨིབ་ཙན་ནི་ཡེས་ར་ཨེལ་གྱི་ཁྲིམས་དཔོན་བྱས། 9 དེ་ལ་བུ་སུམ་ཅུ་དང་བུ་མོ་སུམ་ཅུ་ཡོད་ཅིང་། ཁོས་བུ་མོ་ཚང་མ་ཕྱི་ལ་མནའ་མར་བྱིན་པ་དང་། རང་གི་བུ་རྣམས་ལ་ཕྱི་ནས་མནའ་མ་སུམ་ཅུ་བླངས། ཁོ་རང་ལོ་བདུན་གྱི་རིང་ལ་ཡེས་ར་ཨེལ་གྱི་ཁྲིམས་དཔོན་བྱས། 10 ཨིབ་ཙན་ཚེ་ལས་འདས་ཏེ་པེད་ལེ་ཧེམ་དུ་དུར་ལ་སྦས་སོ། ། 11 ཨིབ་ཙན་གྱི་རྗེས་སུ་ཟེ་བུ་ལུན་པ་ཨེ་ལོན་ནི་ཡེས་ར་ཨེལ་གྱི་ཁྲིམས་དཔོན་བྱས། ཁོ་རང་ལོ་བཅུའི་རིང་ལ་ཡེས་ར་ཨེལ་གྱི་ཁྲིམས་དཔོན་བྱས། 12 ཟེ་བུ་ལུན་པ་ཨེ་ལོན་ཚེ་ལས་འདས་ཤིང་ཟེ་བུ་ལུན་ཡུལ་གྱི་ཨ་ཡཱ་ལོན་དུ་དུར་ལ་སྦས་སོ། ། 13 ཨེ་ལོན་གྱི་རྗེས་སུ་ཕི་ར་ཐོན་པ་ཧིལ་ལེལ་གྱི་བུ་ཨབ་དོན་ནི་ཡེས་ར་ཨེལ་གྱི་ཁྲིམས་དཔོན་བྱས། 14 དེ་ལ་བུ་བཞི་བཅུ་དང་ཚ་བོ་སུམ་ཅུ་ཡོད་པ་དང་། དེ་རྣམས་བོང་གསེབ་བདུན་ཅུ་ལ་ཞོན་ཡོད་པ་ཡིན། ཨབ་དོན་ལོ་བརྒྱད་ཀྱི་རིང་ལ་ཡེས་ར་ཨེལ་གྱི་ཁྲིམས་དཔོན་བྱས། 15 ཕི་ར་ཐོན་པ་ཧིལ་ལེལ་གྱི་བུ་ཨབ་དོན་ཚེ་ལས་འདས་ཤིང་། ཨེ་ཕཱར་ཡིམ་ཡུལ་གྱི་པི་ར་ཐོན་ཞེས་པ་སྟེ། ཨ་མཱད་ལེག་པའི་རི་ཁུལ་དུ་དུར་ལ་སྦས་སོ། །