ལེའུ་བརྒྱད་པ།
1 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། དུས་དེར། མི་ཡིས་ཡ་ཧུ་དཱའི་རྒྱལ་པོ་དང་འགོ་དཔོན། མཆོད་དཔོན། ལུང་སྟོན་པ་བཅས་དང་། ཡེ་རུ་སཱ་ལེམ་གྱི་ཡུལ་མི་རྣམས་ཀྱི་ཀེང་རུས་ཐམས་ཅད་དུར་ལས་བསློགས་ཏེ། 2 སྔར་དེ་རྣམས་ཀྱིས་ཡིད་སྨོན་བྱས་པ་དང་། ཞབས་ཏོག་བསྒྲུབས་པ། རྗེས་སུ་འབྲངས་པ། སློབ་སྟོན་ཞུས་པ། ཕྱག་མཆོད་བྱས་པ་བཅས་ཀྱི་ཉི་མ་དང་ཟླ་བ། ནམ་མཁའི་སྐར་ཚོགས་བཅས་ཀྱི་འོག་ཏུ་གཡུག་པར་འགྱུར་ལ། དེ་ནས་ཀེང་རུས་འདི་དག་བསྡུ་བར་མི་འགྱུར་ལ་སྦ་བར་ཡང་མི་བྱ་སྟེ། ས་ཁར་ལུད་དུ་འགྱུར་བའོ། ། 3 ཁྱིམ་རྒྱུད་ངན་པ་འདི་ལས་ལུས་པའི་མི་རྣམས་ཀྱིས་སྔར་བདག་གིས་མཐར་སྐྲོད་བཏང་བའི་ཡུལ་སོ་སོར། འཚོ་བ་ལས་འཆི་བ་བདམས་པ་ཡིན་ཞེས་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་གསུངས་སོ། །
སྡིག་པ་དང་ཉེས་ཆད།
4 ཁྱོད་ཀྱིས་དེ་རྣམས་ལ་ཤོད་དང་། དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། མི་སར་འགྱེལ་ན་ཡང་བསྐྱར་མི་ལང་ངམ། མི་ལམ་ཁ་ནོར་ན་ཡང་བསྐྱར་ཕྱིར་མི་ལོག་གམ། 5 མི་འདི་རྣམས་ཅིའི་ཕྱིར་ལོག་ལམ་དུ་ཞུགས་པ་ཡིན་ནམ། ཅིའི་ཕྱིར་ཡེ་རུ་སཱ་ལེམ་ནམ་ཡང་ལམ་ཁ་ནོར་བ་ཡིན་ནམ། ཁོ་ཚོས་གཡོ་སྒྱུ་སྤེལ་བར་སེམས་ཐག་བཅད་དེ་ཁ་ཕྱིར་འཁོར་བར་མ་འདོད་དོ། ། 6 བདག་གིས་གཟབ་གཟབ་བྱས་ནས་མཉན་པ་ཡིན་ཏེ། ཁོ་ཚོས་དྲང་བདེན་མ་ཡིན་པའི་གཏམ་སྨྲ་བ་ཐོས་ཤིང་། སུས་ཀྱང་ངས་ཅི་ཞིག་བྱས་པ་ཡིན་ནམ་ཞེས་རང་གི་སྤྱོད་ངན་ལ་འགྱོད་བཤགས་མི་བྱེད་པར། ཁོ་ཚོ་རྟ་གཡུལ་ངོར་རྒྱུག་པ་བཞིན་ཐམས་ཅད་རང་རང་གི་ལམ་དུ་ཞུགས་པའོ། ། 7 མཚོ་བྱ་དཀར་མོས་རང་གི་དུས་ཚིགས་ཤེས་པ་དང་། ཐི་བ་དང་ཁུག་རྟ། ཁྲུང་ཁྲུང་བཅས་ཀྱིས་ཀྱང་རང་གི་གནས་སྤོར་བའི་ནམ་ཟླ་ལ་སྒུག་པའོ། །ཡིན་ཡང་ངའི་མི་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེའི་སྒྲིག་ཁྲིམས་དེ་མི་ཤེས་སོ། ། 8 ཁྱོད་རྣམས་ཀྱིས་ངེད་རྣམས་ལ་ཤེས་རབ་ལྡན་ཏེ། དཀོན་མཆོག་ཡ་ཝཱེའི་བཀའ་ཁྲིམས་ངེད་ཅག་ལ་ཡོད་ཅེས་བརྗོད་པ་ཅི་ཡིན་ནམ། ལྟོས་ཤིག དྲུང་ཡིག་རྣམས་ཀྱི་སྨྱུ་གུ་རྫུས་མས་བཀའ་ཁྲིམས་རྫུན་དུ་བསྒྱུར་བ་ཡིན། 9 མཁས་པ་རྣམས་སྐྱེངས་ནས་འཇིགས་སྐྲག་སྐྱེ་ཞིང་འཛིན་པར་འགྱུར། ལྟོས་ཤིག དེ་དག་གིས་དཀོན་མཆོག་ཡ་ཝཱེའི་བཀའ་དོར་བས་ད་དུང་ཤེས་རབ་ཅི་ཞིག་ཡོད་དམ། 10 དེ་བས་ཁོ་རྣམས་ཀྱི་ཆུང་མ་ནི་མི་གཞན་ལ་སྦྱིན་པ་དང་། དེ་དག་གི་ཞིང་ས་ཡང་གཞན་ལ་དབང་བར་བྱ། ཅི་ལ་ཞེ་ན། དེ་དག་མཆོག་དམན་སུ་ཡིན་ཡང་ཐམས་ཅད་འདོད་རྔམ་ཅན་ཡིན་ཞིང་། ལུང་སྟོན་པ་ནས་མཆོད་དཔོན་རྣམས་ཀྱི་བར་དུ་ཐམས་ཅད་ཀྱིས་གཡོ་སྒྱུའི་སྦྱོར་བ་སྤེལ་ཏོ། ། 11 དེ་རྣམས་ཀྱིས་ཧོལ་རྒྱུག་གིས་ངའི་མི་རྣམས་ཀྱི་རྨས་སྐྱོན་གསོས་ནས་ན་རེ། ད་ནི་བདེའོ་ད་ནི་བདེའོ་ཟེར་ཡང་། དོན་དམ་དུ་བདེ་བ་མེད་དོ། ། 12 དེ་རྣམས་ཀྱིས་ཞེན་ཁ་ལོག་པའི་དོན་བྱས་ཏེ་ངོ་ཚ་བར་འོས་ན་ཡང་། དེ་རྣམས་ལ་ངོ་ཚ་བའི་ཚོར་སྣང་ཙམ་ཡང་མེད་དེ་ངོ་ཚ་ཁྲེལ་མེད་རང་ཡིན་ནོ། །དེ་བས། དེ་རྣམས་ནི་སར་འགྱེལ་བའི་མི་རྣམས་དང་མཉམ་དུ་འགྱེལ་ངེས་ལ། ངས་དེ་རྣམས་ལ་ཉེས་ཆད་གཅོད་སྐབས་དེ་རྣམས་འགྱེལ་བར་འགྱུར་ཞེས་དཀོན་མཆོག་ཡ་ཝཱེས་གསུངས། 13 བདག་གིས་ཁོ་རྣམས་རྩ་བ་ནས་མེད་པར་བྱའོ། །རྒུན་ཤིང་སྟེང་དུ་རྒུན་འབྲུམ་མེད་པ་དང་། སེ་ཡབ་ཤིང་གི་སྟེང་དུ་འབྲས་བུ་མི་ཐོགས་པར་ལོ་མ་ཡང་སྐམ་ཞིང་། བདག་གིས་དེ་ཚོར་གནང་བ་རྣམས་ཁོ་ཚོར་འབྲལ་བར་འགྱུར་ཞེས་དཀོན་མཆོག་ཡ་ཝཱེས་གསུངས། 14 རང་ཅག་གྲགས་འགུལ་ཅི་ཡང་མེད་པར་སྡོད་པ་ཅི་ཡིན་ནམ། རང་ཅག་མཉམ་དུ་འདུས་ཏེ་མཁར་བརྟན་པོའི་ནང་དུ་འཛུལ་ནས་དེ་རུ་མེད་པར་འགྲོའོ། །ཅི་ལ་ཞེ་ན། བདག་ཅག་གིས་དཀོན་མཆོག་ཡ་ཝཱེ་ལ་འགལ་བའི་སྡིག་པ་བྱས་པས་ན། རང་རེའི་དཀོན་མཆོག་ཡ་ཝཱེས་རང་ཅག་གྲགས་འགུལ་ཅི་ཡང་མེད་པར་མཛད་ཅིང་། ཡང་ང་ཚོར་དུག་ཆུ་འཐུང་དུ་བཅུག་གོ ། 15 རང་ཅག་གིས་ཞི་བདེ་ལ་རེ་སྨོན་བྱས་ཀྱང་ཕན་པ་ཅི་ཡང་མ་ཐོབ་སྟེ། དྲག་གསོ་གནང་བའི་དུས་ལ་རེ་སྨོན་བྱས་ཀྱང་། ལྟོས་ཤིག འཇིགས་སྐྲག་འབའ་ཞིག་ལུས་སོ། ། 16 དཱན་གྱི་ཡུལ་ནས་དགྲ་བོའི་རྟ་རྣམས་ཀྱིས་སྣ་ཤུ་རྒྱག་པའི་སྒྲ་ཐོས་ཏེ། རྟ་གསེབ་ཀྱི་ངར་སྐད་ཀྱིས་ས་གཞི་ཡོངས་སུ་འདར་བའོ། །ཅི་ལ་ཞེ་ན། དེ་དག་ནི་ཡུལ་ཁམས་དང་དེའི་ནང་དུ་ཡོད་པ་ཐམས་ཅད་དང་། གྲོང་ཁྱེར་དང་དེའི་ནང་དུ་གནས་མཁན་བཅས་མེད་པར་བཟོ་ཆེད་འོངས་པ་ཡིན། 17 ལྟོས་ཤིག བདག་གིས་རྫུ་འཕྲུལ་གྱིས་ཀྱང་འདུལ་མི་ཐུབ་པའི་དུག་སྦྲུལ་ཁྱོད་ཅག་གི་ཁྲོད་དུ་གཏོང་བར་བྱ་སྟེ། དེ་དག་གིས་ཁྱོད་ཅག་ལ་རྨུག་པར་འགྱུར་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་སོ། །
ཡེ་རེམ་ཡཱ་སྤུན་ཟླའི་ཕྱིར་དུ་སེམས་སྐྱོ་བ།
18 བདག་གི་དགའ་སྤྲོ་ནི་སྡུག་བསྔལ་དུ་གྱུར་ཅིང་། བདག་གི་སེམས་ནི་ངའི་ནང་དུ་སྐྱོ་སྣང་ཚད་མེད་སྐྱེས་སོ། ། 19 ཉོན་དང་། བདག་གི་མི་རྣམས་ཀྱིས་ཞུ་འབོད་བྱེད་པའི་སྒྲ་ནི་རྒྱང་རིང་ནས་རྒྱུ་འོང་སྟེ། དཀོན་མཆོག་ཡ་ཝཱེ་ཛ་ཡན་དུ་བཞུགས་པ་མ་ཡིན་ནམ། ཛ་ཡན་གྱི་རྒྱལ་པོ་དེའི་ནང་དུ་བཞུགས་པ་མ་ཡིན་ནམ་ཞེས་པའོ། །དེ་རྣམས་ཀྱིས་རང་གིས་བརྐོས་པའི་སྐུ་འདྲ་དང་། ཕྱི་རོལ་པའི་སྙིང་པོ་མེད་པའི་ལྷ་རྣམས་ཀྱིས་བདག་ཁྲོ་རུ་འཇུག་པ་ཅི་ཡིན་ནམ། 20 སྟོན་ཐོག་བསྡུས་ཚར་ལ་དབྱར་ཡང་རྫོགས་ཀྱང་། བདག་ཅག་ལ་ད་དུང་ཐར་པ་མ་ཐོབ། 21 ངའི་མི་རྣམས་རྨས་པས་བདག་ཀྱང་རྨས་པ་ཡིན་ལ། བདག་གིས་སྨྲེ་སྔགས་བཏོན་ཞིང་དངངས་སྐྲག་གིས་ང་རང་ཟིན། 22 གིལ་ཨད་དུ་སྤོས་དཀར་མེད་དམ། དེ་རུ་སྨན་པ་མེད་དམ། བདག་གི་སྤུན་ཟླར་སྨན་བཅོས་མ་ཐོབ་པ་ཅི་ཡིན་ནམ།