ལེའུ་བཅུ་གཉིས་པ།
ཡེ་རེམ་ཡཱ་ཡིས་དཀོན་མཆོག་ཡ་ཝཱེ་ལ་ཞུ་བ་བྱས་པ།
1 ཀྱེ་དཀོན་མཆོག་ཡ་ཝཱེ་ལགས། བདག་གིས་ཁྱེད་དང་རྩོད་པའི་དུས་སུ་ཁྱེད་ཉིད་ནམ་ཡང་དྲང་བདེན་ཡིན། ཡིན་ཡང་དྲང་གཞག་གི་ཐད་ངས་ད་དུང་ཁྱེད་ལ་རྩོད་དགོས་ཏེ། ངན་པའི་ལམ་ནི་ཅིའི་ཕྱིར་བདེ་བླག་ཡིན་ནམ། གཡོ་སྒྱུ་ཆེས་ཆེར་སྤེལ་མཁན་ཐམས་ཅད་ཅིའི་ཕྱིར་བདེ་བར་གནས་སམ། 2 ཁྱེད་ཀྱིས་ཁོ་རྣམས་བཙུགས་ནས་དེ་རྣམས་རྩ་བ་རྒྱས་ཤིང་ཡར་སྐྱེས་ཏེ་འབྲས་བུའང་ཐོགས་པ་ཡིན། དེ་རྣམས་ཁ་ནས་ཁྱེད་དང་ཉེ་ཡང་སེམས་ནི་ཁྱེད་དང་རིང་དུ་གྱེས་སོ། ། 3 ཀྱེ་དཀོན་མཆོག་ཡ་ཝཱེ་ལགས། ཁྱེད་ཀྱིས་ང་རང་མཁྱེན་ཞིང་གཟིགས་པ་དང་། ངའི་སེམས་ནི་ཁྱེད་ཀྱི་ཕྱོགས་སུ་གང་འདྲ་ཡིན་པར་ཞིབ་དཔྱོད་མཛད་པ་ཡིན། ཁྱེད་ཀྱིས་དེ་རྣམས་ཕྱི་རུ་དྲུད་ནས་བཤས་ལུག་བཞིན་དུ་གསོད་པའི་ཉིན་མོའི་བར་དུ་ལོགས་སུ་བཀར་བར་མཛོད། 4 ཡུལ་འདིས་མྱ་ངན་བྱེད་ཅིང་རི་ཐང་གི་རྩྭ་སྔོན་ཡོད་ཚད་སྐམ་ནས་ནམ་དུས་བར་དུ་ལུས་སམ། ཅི་ལ་ཞེ་ན། དེ་རུ་སྡོད་པའི་མི་རྣམས་ཀྱི་སྤྱོད་ངན་གྱི་རྐྱེན་གྱིས། ཕྱུགས་ཟོག་དང་འདབ་ཆགས་ཐམས་ཅད་རྩ་བ་ནས་མེད་པར་གྱུར་ཏེ། སྔར་དེ་དག་གིས་ཁོང་གིས་ངེད་ཅག་གི་མཇུག་འབྲས་མི་མཐོང་ཞེས་སྨྲས་སོ། ། 5 ཡང་ཁྱོད་ནི་རྐང་ཐང་དང་མཉམ་དུ་རྒྱུག་དུས་ཐང་ཆད་པ་ཡིན་ན། རྟ་མཆོག་དང་ཅི་ལྟར་འགྲན་ནམ། ཁྱོད་ནི་བདེ་ཞིང་འཇགས་པའི་ཡུལ་དུའང་འགྱེལ་བ་ཡིན་ན། ཡོར་དན་གཙང་པོའི་ནགས་ཚལ་དུ་ཅི་ཞིག་བྱའམ། 6 ཁྱོད་རང་གི་སྤུན་མཆེད་རྣམས་དང་ཁྱོད་ཀྱི་ཕ་རྒྱུད་ཀྱིས་ཀྱང་ཁྱོད་ལ་གཡོ་སྒྱུ་སྤྱད་དེ། ཁྱོད་ཀྱི་རྒྱབ་ནས་སྐད་ཆེན་པོས་འུར་རྒྱག་པ་དང་། དེ་ཚོས་ཁྱོད་ལ་གཏམ་སྙན་མོ་བཤད་ནའང་ཁྱོད་ཀྱིས་དེ་དག་ལ་ཡིད་ཆེས་བྱེད་མི་རུང་།
7 ངས་རང་གི་ཕོ་བྲང་སྤངས་ཏེ་རང་གི་ནོར་སྐལ་ཡང་དོར་ནས། བདག་གི་སྙིང་ཉེ་བ་དེ་མོའི་དགྲ་ཡི་ལག་ཏུ་གཏད་པ་ཡིན། 8 ངའི་ནོར་སྐལ་ནི་ང་ལ་མཚོན་ན་ནགས་ཚལ་གྱི་སེང་གེ་དང་འདྲ་བར་གྱུར་ཏེ། དེས་ང་རོ་དང་བཅས་ང་ལ་རྒོལ་བས་ང་དེ་ལ་སྡང་བ་ཡིན། 9 ངའི་ནོར་སྐལ་ནི་ང་ལ་མཚོན་ན་བྱ་རྒོད་ཁྲ་བོ་དང་འདྲ་ཞིང་། བྱ་རྒོད་གཞན་རྣམས་ཀྱིས་ཕྱོགས་བཞི་ནས་མོ་ལ་རྒོལ་བ་མ་ཡིན་ནམ། ཁྱོད་རྣམས་སོང་ནས་རི་ཐང་གི་གཅན་གཟན་སྣ་ཚོགས་བསྡུས་ནས་དེ་རྣམས་ལ་ཧབ་ཟ་བྱེད་དུ་ཆུག་ཅིག 10 ལུག་རྫི་མང་པོས་ངའི་རྒུན་འབྲུམ་ར་བ་བརླགས་ནས། ངའི་ས་ཆ་རྣམས་བརྫིས་ཤིང་ངའི་ཡིད་དུ་འོང་བའི་ས་ཆ་རྣམས་མི་མེད་ལུང་སྟོང་དུ་བསྒྱུར་ཏོ། ། 11 ཁོ་རྣམས་ཀྱིས་ཡུལ་དེ་ཐང་རྒོད་དུ་བསྒྱུར་ཅིང་། ཡུལ་དེ་ཐང་རྒོད་དུ་གྱུར་པས་བདག་གི་ཕྱོགས་སུ་ངུ་འབོད་བྱེད། ཡུལ་ཐམས་ཅད་ཐང་རྒོད་དུ་གྱུར་ནའང་དེར་དོ་ཁུར་བྱེད་མཁན་སུ་ཡང་མེད། 12 སྲོག་ལེན་མཁན་ནི་དབེན་སྟོང་གི་སྐྱ་ཐེར་ཐེར་གྱི་མཐོ་སྒང་རྣམས་སུ་འོངས་ནས། དཀོན་མཆོག་ཡ་ཝཱེའི་རལ་གྲི་ཡིས་ཡུལ་གྱི་འདི་ཕྱོགས་ནས་ཕ་གའི་བར་དུ་ཐམས་ཅད་མེད་པར་མཛད་ཅིང་། ཤ་ཁྲག་ལས་གྲུབ་པ་གང་ལའང་བདེ་བ་མེད་དོ། ། 13 དེ་རྣམས་ཀྱིས་གྲོ་བཏབ་ཀྱང་ཚེར་མ་བསྡུས། དཀའ་ལས་ཆེན་པོ་མྱངས་ནའང་འབྲས་བུ་ཅི་ཡང་མ་ཐོབ། ཅི་ལ་ཞེ་ན། དཀོན་མཆོག་ཡ་ཝཱེའི་ཁྲོ་གཏུམ་གྱི་རྐྱེན་གྱིས་ཁྱོད་རྣམས་རང་གི་སྟོན་ཐོག་གི་ཕྱིར་ངོ་ཚ་བར་འགྱུར།
ཡ་ཝཱེས་ཡེས་ར་ཨེལ་ལ་ཞལ་བཞེས་གནང་བ།
14 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ལྟོས་ཤིག བདག་གིས་ཁྱིམ་མཚེས་ངན་པ་སྟེ་ངས་ཡེས་ར་ཨེལ་གྱི་མི་རྣམས་ལ་གནང་བའི་ནོར་སྐལ་བཙན་བཟུང་བྱེད་མཁན་ཐམས་ཅད་ཡུལ་ཁམས་འདི་ནས་འདོན་པར་བྱ་ཞིང་། ངས་ཡ་ཧུ་དཱའི་ཁྱིམ་རྒྱུད་ཀྱང་དེ་དག་གི་ཁྲོད་ནས་འདོན་པར་འགྱུར། 15 ངས་ཁོ་རྣམས་བཏོན་པའི་རྗེས་སུ་ཁ་ཕྱིར་འཁོར་ནས་དེ་རྣམས་སྙིང་རྗེས་བསྐྱང་བ་དང་། དེ་རྣམས་ཕྱིར་ཁྲིད་འོངས་ནས་རང་རང་གི་ནོར་སྐལ་ཏེ་རང་རང་གི་ཡུལ་དུ་ལོག་པར་བྱའོ། ། 16 གལ་སྲིད་དེ་དག་གིས་ལྷག་བསམ་རྣམ་དག་གིས་ངའི་འབངས་མིའི་ཚུལ་བསླབ་ཏེ། ངའི་མིང་གི་སྒོ་ནས་མནའ་བསྐྱལ་ནས་འདི་ལྟར། ངས་གཏན་དུ་བཞུགས་པའི་དཀོན་མཆོག་ཡ་ཝཱེའི་མཚན་གྱི་སྒོ་ནས་མནའ་སྐྱེལ་ལོ་ཞེས་སྨྲ་ཞིང་། སྔར་དེ་དག་གིས་ངའི་འབངས་མི་ལ་པཱ་ཨལ་གྱི་མིང་གི་སྒོ་ནས་མནའ་སྐྱེལ་ལུགས་བསླབས་པ་བཞིན་བྱས་ན། དེ་དག་ངའི་འབངས་མིའི་ནང་དུ་གཞི་ཚུགས་པར་འགྱུར། 17 འོན་ཀྱང་དེ་རྣམས་ཀྱིས་མ་མཉན་ན། ངས་མི་རིགས་དེ་ནི་འདོན་པར་འགྱུར་བར་མ་ཟད་རྩ་བ་ནས་མེད་པར་གཏོང་ངེས་ཡིན་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་པའོ། །