ལེའུ་སོ་གཉིས་པ།
ཡེ་རེམ་ཡཱས་ཞིང་ས་ཉོས་པ།
1 ཡ་ཧུ་དཱའི་རྒྱལ་པོ་ཚིད་ཀི་ཡཱའི་སྲིད་ལོ་བཅུ་པ་སྟེ་ནེ་བོ་ཀད་ནེ་ཙར་གྱི་སྲིད་སྐྱོང་བའི་ལོ་བཅོ་བརྒྱད་པ་ལ། དཀོན་མཆོག་ཡ་ཝཱེའི་བཀའ་ནི་ཡེ་རེམ་ཡཱ་ལ་བྱུང་བ་འདི་ལྟ་སྟེ། 2 དུས་དེར་པཱ་པེལ་ལོན་གྱི་རྒྱལ་པོའི་དམག་དཔུང་གིས་ཡེ་རུ་སཱ་ལེམ་བསྐོར་ཅིང་། ལུང་སྟོན་པ་ཡེ་རེམ་ཡཱ་ནི་ཡ་ཧུ་དཱའི་རྒྱལ་པོའི་ཕོ་བྲང་དུ་ཡོད་པའི་སྐུ་སྲུང་གི་ཁྱམས་རར་བཟུང་ཡོད་པ་ཡིན། 3 ཅི་ལ་ཞེ་ན། ཡ་ཧུ་དཱའི་རྒྱལ་པོ་ཚིད་ཀི་ཡཱས་ཁོང་ཉིད་བཟུང་སྟེ་འདི་ལྟར། ཁྱོད་ཀྱིས་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ལྟོས་ཤིག ངས་གྲོང་ཁྱེར་འདི་པཱ་པེལ་ལོན་གྱི་རྒྱལ་པོའི་ལག་ཏུ་གཏོད་ཅིང་དེས་གྲོང་ཁྱེར་འདི་འཛིན་པར་འགྱུར། 4 ཡ་ཧུ་དཱའི་རྒྱལ་པོ་ཚིད་ཀི་ཡཱ་ནི་ཀལ་དི་པའི་ལག་ནས་ཐར་བར་མི་འགྱུར་ལ། པཱ་པེལ་ལོན་གྱི་རྒྱལ་པོའི་ལག་ཏུ་གཏོད་ངེས་ཏེ། པཱ་པེལ་ལོན་གྱི་རྒྱལ་པོ་དང་ཁ་རི་ཁ་ཐུག་གིས་གཏམ་སྨྲ་ཞིང་། ཕན་ཚུན་དངོས་སུ་མཐོང་བར་འགྱུར། 5 པཱ་པེལ་ལོན་གྱི་རྒྱལ་པོས་ཚིད་ཀི་ཡཱ་ནི་པཱ་པེལ་ལོན་དུ་ཁྲིད་དེ། ངས་ཁོ་ལ་ལྟ་སྐྱོང་བྱེད་པའི་བར་དུ་ཚིད་ཀི་ཡཱ་ནི་དེ་རུ་འདུག་པར་འགྱུར། ཁྱོད་རྣམས་ཀལ་དི་པ་དང་འཐབ་ནའང་རྒྱལ་ཁ་མི་ལོན་ཞེས་པའོ་ཞེས་ལུང་སྟོན་པ་ཅི་ཡིན་ནམ་ཞེས་སྨྲས་སོ། ། 6 དེ་ནས་ཡེ་རེམ་ཡཱ་ན་རེ། དཀོན་མཆོག་ཡ་ཝཱེའི་བཀའ་ནི་ང་ལ་བྱུང་བ་འདི་ལྟ་སྟེ། 7 ལྟོས་ཤིག ཁྱོད་ཀྱི་ཁུ་བོ་ཤལ་ལུམ་གྱི་བུ་ཧ་ནམ་ཨེལ་ཁྱོད་ཀྱི་གམ་དུ་འོངས་ནས་ཁྱོད་ལ་འདི་ལྟར། ཨ་ན་ཐོད་དུ་ཡོད་པའི་ངའི་ཞིང་ས་དེ་ཁྱེད་ཀྱིས་ཉོས་ཤིག ཅི་ལ་ཞེ་ན། ཁྱེད་ལ་དེ་བླུ་བའི་དབང་དང་འགན་ཡོད་ཅེས་ཟེར་བར་འགྱུར་གསུངས་པ་ན། 8 ངའི་ཁུ་བོའི་བུ་ཧ་ནམ་ཨེལ་ནི་ཏག་ཏག་དཀོན་མཆོག་ཡ་ཝཱེའི་བཀའ་བཞིན་དུ་སྐུ་སྲུང་གི་ཁྱམས་རར་ངའི་གམ་དུ་འོངས་ནས་ང་ལ་ན་རེ། པེན་ཡཱ་མེན་མངའ་ཁོངས་ཀྱི་ཨ་ན་ཐོད་དུ་ཡོད་པའི་ངའི་ཞིང་ས་དེ་ཁྱེད་ཀྱིས་ཉོ་བར་མཛོད། ཅི་ལ་ཞེ་ན། དེ་ནི་ཁྱེད་ཀྱིས་ཁུར་དུ་ལེན་འོས་པར་མ་ཟད་ཁྱེད་ལ་དེ་བླུ་བའི་དབང་དང་འགན་ཡོད་པ་ཡིན། ཁྱེད་ཀྱིས་དེ་ཉོ་བར་མཛོད་ཅེས་སྨྲས་པ་དང་། འདི་ནི་དཀོན་མཆོག་ཡ་ཝཱེའི་བཀའ་ལགས་པ་ངས་རྟོགས་སོ། ། 9 དེ་ནས་ངས་ཨ་ན་ཐོད་དུ་ཡོད་པའི་ཞིང་ས་དེ་རང་གི་ཁུ་བོའི་བུ་ཧ་ནམ་ཨེལ་ལས་ཉོས་ཏེ། དངུལ་སྲང་བརྒྱ་དང་དགུ་བཅུ་གོ་གསུམ་དེ་ལ་སྤྲད། 10 ངས་ཆད་ཡིག་སྟེང་དུ་མིང་བཀོད་དེ་ཐེའུ་བརྒྱབས་ནས་ཁ་སྦྱར་བ་དང་། དཔང་མི་རྣམས་བོས་ནས་དངུལ་སྲང་ལ་ཚད་དེ་ཁོ་ལ་སྤྲད། 11 ཡང་ངས་ཁྲིམས་དང་སྒྲིག་སྲོལ་ལྟར་བཞག་པའི་ཆད་ཡིག་སྟེ་ཐེའུ་བརྒྱབས་ཡོད་པ་དང་ཁ་སྦྱར་མེད་པ་གཉིས་ཀ་བླངས་ཏེ། 12 ངའི་ཁུ་བོའི་བུ་ཧ་ནམ་ཨེལ་དང་མིང་བཀོད་དེ་དཔང་པོ་བྱེད་མཁན་རྣམས་དང་། སྐུ་སྲུང་གི་ཁྱམས་རར་བསྡད་ཡོད་པའི་ཡ་ཧུ་དཱ་པ་ཀུན་གྱི་མདུན་དུ། ཆད་ཡིག་ནི་མ་སེ་ཡཱའི་ཚ་བོ་སྟེ་ནེར་ཡཱའི་བུ་པཱ་རུག་ལ་སྤྲད་ཅིང་། 13 ངས་མི་ཚོགས་ཀྱི་མདུན་དུ་པཱ་རུག་ལ་བཅོལ་གདམ་བྱས་ཏེ་འདི་ལྟར། 14 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་སྟེ་ཡེས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་དུ། ཁྱོད་ཀྱིས་ཐེའུ་བརྒྱབས་ཡོད་པ་དང་ཁ་སྦྱར་མེད་པའི་ཆད་ཡིག་འདི་གཉིས་ཁྱེར་ནས། ཡུན་རིང་པོར་ཉར་བའི་ཕྱིར་རྫ་བུམ་ནང་དུ་ཞོག་ཅིག་ཅེས་གསུངས་སོ། ། 15 ཅི་ལ་ཞེ་ན། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་སྟེ་ཡེས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་དུ། མ་འོངས་པ་ན་ས་འདི་རུ་མི་ཡིས་ཡང་བསྐྱར་ཁང་པ་དང་ཞིང་ས། རྒུན་ཚལ་བཅས་ཉོ་བར་འགྱུར་ཞེས་གསུངས་པའོ། །
ཡེ་རེམ་ཡཱས་སྨོན་ལམ་བཏབ་པ།
16 དེ་ཡང་ངས་ནེར་ཡཱའི་བུ་པཱ་རུག་ལ་ཆད་ཡིག་དེ་སྤྲད་རྗེས། དཀོན་མཆོག་ཡ་ཝཱེ་ལ་སྨོན་ལམ་བཏབ་ནས་འདི་ལྟར། 17 ཀྱི་ཧུད། གཙོ་བོ་ཡ་ཝཱེ་ལགས། གཟིགས་དང་། ཁྱེད་ཀྱིས་སྔར་ཉིད་ཀྱི་མཐུ་སྟོབས་ཆེན་པོ་དང་ཕྱི་རུ་བརྐྱངས་པའི་དཔུང་ངར་གྱིས་གནམ་ས་གཉིས་ཀ་བཀོད་པ་སྟེ། ཁྱེད་ལ་མི་འགྲུབ་བྱ་བ་གང་ཡང་མེད། 18 ཁྱེད་ཀྱིས་མི་ཁྲི་མ་འབུམ་ལ་ཐུགས་བརྩེ་བས་གཟིགས་ཤིང་། ཕ་མེས་ཀྱི་སྡིག་པའི་ལས་འབྲས་ནི་དེའི་བུ་རྒྱུད་རྣམས་ཀྱི་སྟེང་ལ་འབབ་པར་མཛད་པ་དང་། ཁྱེད་ནི་མཐུ་སྟོབས་ཆེ་བའི་ཀུན་དབང་གི་དཀོན་མཆོག་ཡིན་ལ། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་ནི་ཁྱེད་ཀྱི་མཚན་ལགས་སོ། ། 19 ཁྱེད་ཀྱི་ཐུགས་བཀོད་རླབས་ཆེ་བ་དང་མཛད་པ་ནུས་མཐུ་དང་ལྡན་ཞིང་། མི་རེ་རེའི་སྤྱོད་པ་དང་དེས་སྤྱད་པའི་ལས་འབྲས་བཞིན་ལན་འཇལ་ཕྱིར། ཁྱེད་ཀྱི་སྤྱན་ཟུང་གིས་མི་བུ་ཀུན་གྱི་སྤྱོད་པ་ཐམས་ཅད་ལ་ཞིབ་ཅིང་ཕྲ་བར་གཟིགས་སོ། ། 20 ཁྱེད་ཀྱིས་ཨེ་ཅིབ་ཡུལ་དུ་གྲུབ་རྟགས་དང་དོན་ངོ་མཚར་ཅན་རྣམས་མངོན་པར་མཛད་ཅིང་། དེ་རིང་གི་བར་དུ་ཡེས་ར་ཨེལ་དང་ས་སྟེང་གི་མི་རྣམས་ཀྱི་ནང་དུའང་དེ་ལྟར་མཛད་ནས། དེ་རིང་གི་ཉིན་མོ་བཞིན་ཉིད་ཀྱི་མཚན་སྙན་གྲགས་རྒྱས་པར་མཛད་དོ། ། 21 ཁྱེད་ཀྱིས་གྲུབ་རྟགས་དང་དོན་ངོ་མཚར་ཅན་རྣམས་དང་ནུས་མཐུ་ལྡན་པའི་ཕྱག ཕྱི་རུ་བརྐྱངས་པའི་དཔུང་ངར་བཅས་དང་། རབ་ཏུ་ཆེ་ཞིང་འཇིགས་སུ་རུང་བའི་སྒོ་ནས་ཉིད་ཀྱི་མི་སྡེ་ཡེས་ར་ཨེལ་ནི་ཨེ་ཅིབ་ཡུལ་ནས་ཁྲིད་འོངས་པ་དང་། 22 ཁྱེད་ཀྱིས་དེ་དག་གི་ཕ་མེས་རྣམས་ལ་གནང་བར་དབུ་མནའ་བཞེས་པའི་ཡུལ་ཏེ་འོ་མ་དང་སྦྲང་རྩི་བཞུར་བའི་ཡུལ་འདི་དེ་དག་ལ་གནང་བ་དང་། 23 དེ་རྣམས་འོངས་ནས་ཡུལ་འདི་ས་སྐལ་དུ་ཐོབ་ཀྱང་། ཁྱེད་ཀྱི་གསུང་ལ་མ་མཉན་པ་དང་ཁྱེད་ཀྱི་བཀའ་ཁྲིམས་ཀྱང་མ་བསྲུངས་ལ། དེ་དག་གིས་ཁྱེད་ཀྱིས་བསྒོས་པའི་བཀའ་བཞིན་དུ་མ་སྤྱད་པའི་རྐྱེན་གྱིས། ཁྱེད་ཀྱིས་དེ་དག་གི་སྟེང་ལ་ཆག་སྒོ་འདི་ཐམས་ཅད་བྱུང་བར་མཛད། 24 གཟིགས་དང་། དགྲ་རྣམས་འོངས་ཏེ་ས་རགས་བརྩིགས་ནས་གྲོང་ཁྱེར་འདི་ལེན་པར་རྩོམ་ཞིང་། གྲོང་ཁྱེར་འདི་ནི་རལ་གྲི་དང་མུ་གེ རིམས་ནད་བཅས་ཀྱི་དབང་གིས་འདི་ལེན་མཁན་ཀལ་དི་པ་རྣམས་ཀྱི་ལག་ཏུ་སྤྲད་པ་དང་། ཁྱེད་ཀྱིས་གསུངས་པ་ལྟར་འགྲུབ་ཅིང་ཁྱེད་ཀྱིས་དེ་གཟིགས་སོ། ། 25 ཀྱེ་གཙོ་བོ་ཡ་ཝཱེ་ལགས། ཁྱེད་ཀྱིས་ང་ལ་འདི་སྐད་དུ། དངུལ་གྱིས་རང་གི་དོན་དུ་ས་དེ་ཉོས་ལ། དཔང་པོ་བོས་ནས་བདེན་དཔང་བྱོས་ཤིག་ཅེས་གསུངས་ན་ཡང་། དོན་དངོས་སུ་གྲོང་ཁྱེར་འདི་ནི་ཀལ་དི་པའི་ལག་ཏུ་གཏད་ཟིན་ཏོ་ཞེས་ཞུས་སོ། ། 26 དཀོན་མཆོག་ཡ་ཝཱེའི་བཀའ་ནི་ཡེ་རེམ་ཡཱ་ལ་བྱུང་བ་འདི་ལྟ་སྟེ། 27 ལྟོས་ཤིག བདག་ནི་ཡ་ཝཱེ་ཡིན་ཏེ། ཤ་ཁྲག་ཡོད་པ་ཐམས་ཅད་ཀྱི་དཀོན་མཆོག་ཡིན་པས། བདག་ལ་མི་འགྲུབ་བྱ་བ་ཡོད་སྲིད་དམ། 28 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ངས་གྲོང་ཁྱེར་འདི་ནི་ཀལ་དི་པ་དང་པཱ་པེལ་ལོན་གྱི་རྒྱལ་པོ་ནེ་བོ་ཀད་ནེ་ཙར་གྱི་ལག་ཏུ་གཏོད་པར་བྱ་སྟེ། ཁོས་དེ་ལེན་པར་འགྱུར། 29 གྲོང་ཁྱེར་འདིའི་ཡུལ་མི་རྣམས་ཀྱིས་སྔར་ཁང་ཐོག་ཏུ་པཱ་ཨལ་ལ་སྤོས་བདུགས་པ་དང་། ལྷ་གཞན་རྣམས་ལ་སྐྱེམས་མཆོད་ཕུལ་ནས་ཁོ་བོར་ཁོང་ཁྲོ་བསླངས་པས། གྲོང་ཁྱེར་འདི་བཙན་འཛིན་བྱེད་པའི་ཀལ་དི་པ་རྣམས་འོངས་ཏེ། མེ་སྦར་ནས་གྲོང་ཁྱེར་འདི་དང་འདིའི་ཁང་པ་རྣམས་བསྲེག་པར་འགྱུར་རོ། ། 30 ཡེས་ར་ཨེལ་པ་དང་ཡ་ཧུ་དཱ་པ་རྣམས་ཀྱིས་གཞོན་དུས་ནས་བདག་གི་མིག་ལམ་དུ་ངན་པ་གང་ཡིན་དེ་ཁོ་ན་སྤྱད་ནས། ཡེས་ར་ཨེལ་པ་རྣམས་ཀྱིས་ལག་པས་གང་ཞིག་བཟོས་པ་ཡིས་ང་ལ་ཁོང་ཁྲོ་བསླངས་ཞེས་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས། 31 གྲོང་ཁྱེར་འདི་བཞེངས་པ་ནས་དེ་རིང་གི་ཉིན་མོའི་བར་དུ། དེ་དག་གིས་བདག་ལ་ཁོང་ཁྲོ་དང་ཞེ་སྡང་བསླངས་ཏེ། ངས་དེ་རང་གི་མཐོང་ལམ་ནས་མེད་པར་བཟོ་དགོས་པ་བྱུང་། 32 དེ་ནི་དེ་དག་དང་དེ་དག་གི་རྒྱལ་པོ་དང་འགོ་དཔོན། མཆོད་དཔོན། ལུང་སྟོན་པ། དེ་མིན་ཡ་ཧུ་དཱ་པ་རྣམས་དང་ཡེ་རུ་སཱ་ལེམ་གྱི་ཡུལ་མི་བཅས་ཀྱིས་གང་ཞིག་སྤྱད་པ་དང་། ཡེས་ར་ཨེལ་པ་དང་ཡ་ཧུ་དཱ་པ་རྣམས་ཀྱི་སྡིག་སྤྱོད་ཐམས་ཅད་ཀྱིས་བདག་ལ་ཁོང་ཁྲོ་བསླངས་པའི་ཕྱིར་ཡིན་ནོ། ། 33 དེ་དག་གིས་ང་ལ་རྒྱབ་གཏད་ནས་ངའི་ཕྱོགས་སུ་མ་འཁོར། ངས་དེ་དག་ལ་བསླབ་བྱ་ཡང་ཡང་བཏང་ནའང་དེ་དག་གིས་གདམས་ངག་ཁུར་དུ་ལེན་པར་རྣ་བ་མ་གཏད་པའི་ཁར། 34 ཞེན་ཁ་ལོག་པའི་སྐུ་འདྲ་རྣམས་ངའི་མིང་གིས་འབོད་པའི་མཆོད་ཁང་དུ་བཞག་སྟེ་མཆོད་ཁང་འདི་བཙོག་པར་བཟོས་སོ། ། 35 རང་གི་བུ་དང་བུ་མོ་རྣམས་མོ་ལེག་ལ་མེ་མཆོད་གཏོང་བའི་ཕྱིར་དུ། དེ་དག་གིས་པེན་ཧིན་ནོམ་ལུང་པ་རུ་པཱ་ཨལ་གྱི་མཐོ་གླིང་རྣམས་བརྩིགས་པ་དང་། ངན་པ་འདི་རྣམས་སྤྱད་དེ་ཡ་ཧུ་དཱ་ཡང་ཉེས་སྡིག་གི་ནང་དུ་ལྷུང་བར་བྱས། འདི་ནི་ངས་བསྒོས་པ་མ་ཡིན་ལ། ངའི་ཡིད་ལའང་གཏན་ནས་ཤར་མ་མྱོང་ངོ་། ། 36 ཁྱོད་ཅག་གིས་གླེང་བའི་རལ་གྲི་དང་མུ་གེ རིམས་ནད་བཅས་ཀྱི་དབང་གིས་པཱ་པེལ་ལོན་གྱི་རྒྱལ་པོའི་ལག་ཏུ་གཏད་པའི་གྲོང་ཁྱེར་འདིའི་སྐོར་ལ། ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། 37 ལྟོས་ཤིག དེ་སྔ་ངས་ཁོང་ཁྲོ་དང་ཁྲོ་གཏུམ། ཞེ་སྡང་ཚ་པོ་བཅས་ཀྱི་ནང་དུ་ཡེས་ར་ཨེལ་པ་རྣམས་ཡུལ་ཕྱོགས་སོ་སོར་བསྐྲད་པ་དང་། མ་འོངས་པ་ན་ངས་ཡུལ་དེ་དག་ནས་དེ་རྣམས་བསྡུས་ཏེ་སླར་ཡང་གནས་འདིར་དྲངས་ནས་བདེ་བར་གནས་སུ་འཇུག་གོ ། 38 དེ་དག་ངའི་འབངས་མི་དང་ང་དེ་རྣམས་ཀྱི་དཀོན་མཆོག་ཏུ་གྱུར་ནས། 39 དེ་དག་མི་ཚེ་གང་པོར་ང་ལ་གུས་ཤིང་འཇིགས་པ་དང་། ཁོ་རྣམས་དང་ཁོ་ཚོའི་བུ་རབས་ཚ་རྒྱུད་རྣམས་ལ་བདེ་སྐྱིད་འཐོབ་པའི་ཕྱིར་དུ། ངས་དེ་དག་ལ་སེམས་པ་གཅིག་མཐུན་དང་སྤྱོད་ལམ་གཅིག་མཚུངས་ཡོད་པར་བྱེད་དོ། ། 40 ངས་དེ་དག་ལ་དུས་གཏན་གྱི་ཞལ་ཆད་བཞག་ནས་ཁོ་རྣམས་དང་མི་འབྲལ་ཞིང་ཁོ་ཚོར་བྱིན་རླབས་གནང་བ་དང་། ཡང་ང་ལ་གུས་ཤིང་འཇིགས་པའི་སེམས་ནི་དེ་དག་གི་ནང་དུ་བཞག་སྟེ། དེ་དག་ང་དང་འབྲལ་བར་མི་བྱའོ། ། 41 ངས་ནི་དེ་དག་ལ་དགའ་བཞིན་དུ་བྱིན་རླབས་གནང་ཞིང་། བློ་གཅིག་སེམས་གཅིག་གིས་དངོས་གནས་དེ་རྣམས་གནས་འདི་རུ་འཛུགས་པར་འགྱུར། 42 ཅི་ལ་ཞེ་ན། དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ངས་ཇི་ལྟར་མི་འདི་རྣམས་ཀྱི་སྟེང་དུ་ཆག་སྒོ་འདི་ཐམས་ཅད་དྲངས་པ་ཡིན་ན། ངས་དེ་དག་ལ་ཁས་བླངས་པའི་བདེ་སྐྱིད་ཐམས་ཅད་ཀྱང་དེ་ལྟར་འདྲེན་པར་བྱ་སྟེ། 43 ཁྱོད་ཅག་གིས་འདི་ནི་ཀལ་དི་པ་རྣམས་ཀྱི་ལག་པར་གཏད་ཅིང་། མི་ཕྱུགས་གང་ཡང་མེད་པའི་ས་སྟོང་ཡིན་ཞེས་ཟེར་མོད། འོན་ཀྱང་མ་འོངས་པ་ན་ཡུལ་འདིའི་ཞིང་ས་རྣམས་ཉོ་ཚོང་བྱེད་པར་འགྱུར་ཏེ། 44 པེན་ཡཱ་མེན་གྱི་ཡུལ་དང་། ཡེ་རུ་སཱ་ལེམ་མཐའ་འཁོར་གྱི་ཡུལ་རྣམས། ཡ་ཧུ་དཱའི་གྲོང་ཁྱེར་རྣམས། རི་ཁུལ་གྱི་གྲོང་ཁྱེར་རྣམས། རི་ཀླུང་གི་གྲོང་ཁྱེར་རྣམས། ནེ་གུབ་ཡུལ་གྱི་གྲོང་ཁྱེར་རྣམས་སུ་མི་ཡིས་དངུལ་སྤྲད་ནས་ཞིང་ས་ཉོ་བར་འགྱུར་ལ། ཆད་ཡིག་བྲིས་ནས་ཐེའུ་བརྒྱབས་ཏེ་ཁ་སྦྱོར་བ་དང་། དཔང་པོ་བཙལ་ནས་བདེན་དཔང་བྱེད་པར་འགྱུར་རོ། །ཅི་ལ་ཞེ་ན། ངས་བཙོན་དུ་ཁྲིད་པའི་མི་རྣམས་ཕྱིར་ལོག་པར་བྱའོ་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་སོ། །