ལེའུ་ཞེ་གཉིས་པ།
མི་རྣམས་ཀྱིས་ཡེ་རེམ་ཡཱ་ལ་གསོལ་བ་འདེབས་པར་ཞུ་བ།
1 དེ་ནས་དམག་དཔོན་རྣམས་དང་། ཀཱ་རེ་ཨའི་བུ་ཡོ་ཧ་ནན་དང་། ཧོ་ཤ་ཡཱའི་བུ་ཡེ་ཟན་ཡཱ་དང་མི་ཐམས་ཅད་ཀྱི་མཆོག་དམན་སུ་ཡིན་ཡང་ཚང་མ་མདུན་དུ་འོངས་ནས། 2 ལུང་སྟོན་པ་ཡེ་རེམ་ཡཱ་ལ་ན་རེ། ངེད་ཅག་ལ་ཁྱེད་ཀྱི་དྲུང་དུ་ཞུ་བར་མཛོད་ཅིག ངེད་ཅག་ཤུལ་ལུས་རྣམས་ཀྱི་ཆེད་དུ་ཁྱེད་ཀྱི་དཀོན་མཆོག་ཡ་ཝཱེ་ལ་སྨོན་ལམ་འདེབས་རོགས་ཞུ། ཅི་ལ་ཞེ་ན། ཁྱེད་ཀྱིས་དངོས་སུ་གཟིགས་པ་ལྟར་ངེད་ཅག་ནི་མང་པོའི་ནང་ནས་ཤིན་ཏུ་ཉུང་ངུ་ལས་ལུས་མེད་པས་སོ། ། 3 ཁྱེད་ཀྱི་དཀོན་མཆོག་ཡ་ཝཱེས་ངེད་ཅག་ལ་འགྲུལ་དགོས་པའི་ལམ་དང་། སྤྱོད་དགོས་པའི་དོན་རྣམས་སྟོན་པར་ཤོག་ཅེས་ཞུས་པ་དང་། 4 ལུང་སྟོན་པ་ཡེ་རེམ་ཡཱས་འདི་ལྟར། ངས་ཁྱོད་ཅག་གི་གཏམ་ཐོས་པས། ལྟོས་ཤིག ངས་ཁྱོད་ཀྱིས་སྨྲས་པ་བཞིན་དུ་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེ་ལ་གསོལ་བ་འདེབས་པར་བྱ་སྟེ། དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་ལ་བཀའ་ལན་ཅི་ཞིག་གནང་བ་དེ་ངས་ཁྱོད་ཅག་ལ་འཆད་པར་བྱ་ཞིང་། གསང་བར་མི་འགྱུར་རོ་ཞེས་སྨྲས་སོ། ། 5 དེ་ནས་ཁོ་ཚོས་ཡེ་རེམ་ཡཱ་ལ་ན་རེ། གལ་ཏེ་ངེད་རྣམས་ཀྱིས་ཁྱེད་ཀྱི་དཀོན་མཆོག་ཡ་ཝཱེས་ཁྱེད་མངགས་ནས་གསུངས་པའི་བཀའ་ཐམས་ཅད་བཞིན་དུ་མ་སྤྱད་ན། དཀོན་མཆོག་ཡ་ཝཱེ་ཁོང་ཉིད་ངེད་ཅག་གི་ཁྲོད་དུ་ཡིད་རྟོན་རུང་བ་དང་བདེན་པའི་དཔང་པོ་རུ་འགྱུར་བར་ཤོག 6 ད་ལྟ་ངེད་ཅག་གིས་ཁྱེད་ནི་ངེད་ཀྱི་དཀོན་མཆོག་ཡ་ཝཱེའི་དྲུང་དུ་འགྲོ་བར་ཞུ་བ་དང་། ཁོང་གིས་བཀའ་བཟང་ངན་གང་ཞིག་གསུངས་ནའང་ངེད་ཅག་གིས་མཉན་པར་བྱའོ། །ཅི་ལ་ཞེ་ན། ངེད་རྣམས་ཀྱིས་རང་ཅག་གི་དཀོན་མཆོག་ཡ་ཝཱེའི་གསུང་ལ་མཉན་ན་བྱིན་རླབས་འཐོབ་བར་འགྱུར་རོ་ཞེས་སྨྲས་སོ། །
ཡ་ཝཱེས་ཡེ་རེམ་ཡཱ་ལ་བཀའ་ལན་གནང་བ།
7 དེ་ནས་ཉིན་བཅུ་འགོར་རྗེས་དཀོན་མཆོག་ཡ་ཝཱེའི་བཀའ་ནི་ཡེ་རེམ་ཡཱ་ལ་བྱུང་བ་དང་། 8 ཁོང་གིས་ཀཱ་རེ་ཨའི་བུ་ཡོ་ཧ་ནན་དང་། དེ་དང་མཉམ་དུ་ཡོད་པའི་དམག་དཔོན་ཀུན་དང་། མཆོག་དམན་སུ་ཡིན་ཐམས་ཅད་བོས་ནས། 9 དེ་དག་ལ་འདི་ལྟར། ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེ་སྟེ། ཁྱོད་ཅག་གིས་ང་རང་ཁོང་གི་དྲུང་དུ་སོང་ནས་གསོལ་བ་འདེབས་དགོས་པར་ཞུས་པ་ཉིད་ཀྱིས་འདི་སྐད་དུ། 10 ཇི་སྟེ་ཁྱོད་ཅག་ད་དུང་ཡུལ་འདིར་གནས་ན། ངས་ཁྱོད་ཡར་བཞེང་ཞིང་བཤིག་པར་མི་བྱ། ངས་ཁྱོད་འཛུགས་ཤིང་བསློག་པར་མི་བྱའོ། །ཅི་ལ་ཞེ་ན། ངས་ཁྱོད་ཅག་ལ་ཕབ་པའི་ཆག་སྒོའི་ཕྱིར་ང་འགྱོད་དོ། ། 11 ཁྱོད་ཅག་སྐྲག་པའི་པཱ་པེལ་ལོན་གྱི་རྒྱལ་པོར་མ་འཇིགས་ཤིག དེ་ལ་མ་སྐྲག་ཅིག ཅི་ལ་ཞེ་ན། ང་ནི་ཁྱོད་དང་མཉམ་དུ་གནས་ཤིང་། ཁྱོད་རྣམས་བསྐྱབས་ཏེ་ཁོའི་ལག་ནས་སྒྲོལ་བར་འགྱུར་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་སོ། ། 12 ངས་ཁྱོད་ཅག་ལ་སྙིང་རྗེ་བསྒོམས་ན། ཁོས་ཀྱང་ཁྱོད་ཅག་ལ་སྙིང་རྗེ་བསྐྱེད་ནས་ཁྱོད་ཅག་རང་ཡུལ་དུ་ལོག་པར་བྱའོ་ཞེས་གསུངས། 13 གལ་ཏེ་ཁྱོད་ཅག་གིས་ངེད་རྣམས་ཡུལ་འདིར་གནས་པར་མི་བྱའོ་ཟེར་ཞིང་། ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེའི་བཀའ་ལའང་མི་མཉན་པར། 14 ཡང་ངེད་ཅག་འཐབ་མོ་མི་མཐོང་བ་དང་། དམག་དུང་གི་སྒྲ་མི་ཐོས་པ། ཁ་ཟས་མེད་པས་བཀྲེས་ལྟོགས་མི་མྱང་བའི་ཨེ་ཅིབ་ཡུལ་དུ་སོང་ནས་དེར་སྡོད་དགོས་ཏེ་འདི་རུ་མི་འདུག་ཟེར་ན། 15 ཀྱེ་ཡ་ཧུ་དཱ་པ་ཤུལ་ལུས་རྣམས། ཁྱོད་རྣམས་ཀྱིས་ད་ལྟ་དཀོན་མཆོག་ཡ་ཝཱེའི་བཀའ་ལ་ཉོན་ཅིག དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་སྟེ་ཡེས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་དུ། ཇི་སྟེ་ཁྱོད་ཅག་ཨེ་ཅིབ་ཡུལ་དུ་སོང་ནས་དེར་སྡོད་པའི་སེམས་ཐག་བཅད་པ་ཡིན་ན། 16 ཁྱོད་ཅག་འཇིགས་པའི་རལ་གྲི་ཡིས་ཨེ་ཅིབ་ཡུལ་དུ་ཁྱོད་ཅག་བཟུང་བར་འགྱུར་བ་དང་། ཡང་ཁྱོད་ཅག་སྐྲག་པའི་མུ་གེ་ཡིས་ཨེ་ཅིབ་ཡུལ་དུ་ཁྱོད་ཅག་འདེད་པར་འགྱུར་ལ། ཁྱོད་རྣམས་དེ་རུ་འཆི་ངེས་ཡིན། 17 ཨེ་ཅིབ་ཡུལ་དུ་སོང་ནས་དེར་སྡོད་པའི་སེམས་ཐག་བཅད་པ་རྣམས་ནི། ཐམས་ཅད་རལ་གྲི་དང་མུ་གེ་དང་རིམས་ནད་བཅས་ཀྱིས་འཆི་བར་འགྱུར་ཏེ། མི་གཅིག་ཀྱང་ལུས་པར་མི་འགྱུར་ལ། ངས་དེ་དག་གི་སྟེང་དུ་འབེབ་པའི་ཆག་སྒོ་ལས་ཀྱང་ཐར་བར་མི་འགྱུར་རོ་ཞེས་གསུངས་སོ། ། 18 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་སྟེ་ཡེས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་དུ། ངས་ཡེ་རུ་སཱ་ལེམ་གྱི་མི་རྣམས་ཀྱི་སྟེང་དུ་རང་གི་ཁོང་ཁྲོ་དང་ཁྲོ་གཏུམ་ཇི་ལྟར་བླུགས་པ་ཡིན་ན། ཁྱོད་ཅག་ཨེ་ཅིབ་ཡུལ་དུ་སླེབས་པ་ཙམ་གྱིས་ངའི་ཁྲོ་གཏུམ་ནི་ཁྱོད་ཅག་གི་སྟེང་དུ་དེ་ལྟར་བླུག་བར་བྱ་སྟེ། ཐ་ན་ཁྱོད་ཅག་ལ་ངན་སྨྲས་དང་འཇིགས་སྐྲག དམོད་མོ། ངོ་ཚ་བཅས་ཐེབས་པར་འགྱུར་ཞིང་། ཡུལ་འདི་སླར་ཡང་མཐོང་བར་མི་འགྱུར་རོ་ཞེས་གསུངས། 19 ཀྱེ་ཡ་ཧུ་དཱ་པ་ཤུལ་ལུས་རྣམས། དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་གི་སྐོར་ལ་འདི་སྐད་དུ། ཨེ་ཅིབ་ཡུལ་དུ་མ་འགྲོ་ཞིག་ཅེས་གསུངས། དེ་རིང་གི་ཉིན་མོར་ངས་ཁྱོད་ཅག་ལ་ཉེན་བརྡ་གཏོང་བ་འདི་རྟོགས་པར་གྱིས། 20 ཁྱོད་ཅག་གིས་གཡོ་སྦྱོར་སྤེལ་ནས་རང་ལ་གནག་པའོ། །ཅི་ལ་ཞེ་ན། ཁྱོད་ཅག་གིས་ང་རང་ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེའི་དྲུང་དུ་བསུས་ནས་འདི་ལྟར། ཁྱེད་ཀྱིས་ངེད་ཅག་གི་དོན་དུ་ངེད་ཀྱི་དཀོན་མཆོག་ཡ་ཝཱེ་ལ་གསོལ་བ་འདེབས་རོགས་ཞུ། ཁྱེད་ཀྱིས་ངེད་ཀྱི་དཀོན་མཆོག་ཡ་ཝཱེས་ཅི་དང་ཅི་གསུང་བ་ཐམས་ཅད་ངེད་རྣམས་ལ་སྨྲ་བར་མཛོད། ངེད་ཀྱིས་དེ་བཞིན་བསྒྲུབ་པར་བྱའོ་ཞེས་སྨྲས་སོ། ། 21 ངས་དེ་རིང་གི་ཉིན་མོར་ཁྱོད་རྣམས་ལ་སྨྲས་ཀྱང་། ཁྱོད་ཅག་གིས་རང་གི་དཀོན་མཆོག་ཡ་ཝཱེས་ང་ཁྱོད་ཅག་གི་མདུན་དུ་མངགས་ནས་གསུངས་པའི་བཀའ་གཅིག་ལའང་མ་མཉན་ཏོ། ། 22 ད་ལྟ་ཁྱོད་རྣམས་ཀྱིས་དངོས་གནས་ཤེས་དགོས་པ་ཞིག་ལ། ཁྱོད་རྣམས་སོང་ནས་སྡོད་འདོད་པའི་གནས་སུ་རལ་གྲི་དང་། མུ་གེ་དང་། རིམས་ནད་ཀྱིས་འཆི་བར་འགྱུར་རོ་ཞེས་གསུངས་སོ། །