ལེའུ་དགུ༌པ།
སྐྱབས་མགོན་ཡེ་ཤུས་དམུས་ལོང་ཞིག་གསོས༌པ།
1 སྐྱབས་མགོན་ཡེ་ཤུ་ཕར་ཕེབས་པའི་ལམ་བར་དུ་དམུས་ལོང་ཞིག་དང་ཕྲད༌ཅིང༌། 2 ཐུགས་སྲས་རྣམས་ན༌རེ། རཱབ་པེ་ལགས། མི་འདི་ནི་སྐྱེས་མ་ཐག་ནས་ལོང་བ་ཞིག་ཡིན༌པས། ལོང་བ་རང་ཉིད་དམ་ཁོའི་ཕ་མས་སྡིག་པ་བྱས་པའི་རྐྱེན་གང་ཞིག་ཡིན་ནམ་ཞེས་ཞུས་པ༌ལ། 3 སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ལོང་བ་འདིས་སྡིག་པ་བྱས་པའི་རྐྱེན་མིན༌ལ། ཁོའི་ཕ་མས་སྡིག་པ་བྱས་པའི་རྐྱེན་ཡང་མིན༌པར། དེ་ནི་དཀོན་མཆོག་གི་ངོ་མཚར་བའི་མཛད་པ་ཁོའི་སྟེང་ནས་མངོན་པའི་ཕྱིར་དེ་ལྟར་བྱུང༌ངོ་།། 4 བདག་ཅག་གིས་ཉིན་མོའི་དུས་སུ་ང་རང་མངགས་མཁན་གྱི་བསྒྲུབ་འོས་པའི་དོན་བྱེད་དགོས༌ཤིང༌། མི་སུས་ཀྱང་ལས་ཅི་ཡང་བྱེད་མི་ཐུབ་པའི་མཚན་མོའི་དུས་ཤིག་སླེབ་ངེས༌ཡིན། 5 ང་རང་འཇིག་རྟེན་དུ་བཞུགས་དུས་བདག་ནི་འཇིག་རྟེན་གྱི་འོད་ཟེར་ཡིན་ཞེས་གསུངས༌རྗེས། 6 སྐྱབས་མགོན་ཡེ་ཤུས་མཆིལ་མ་ས་ལ་གཏོར་ནས་འཇིམ་པ་ཞིག་བརྫིས་ཤིང་ལོང་བའི་མིག་ཟུང་ལ་བསྐུས་ཏེ་འདི་སྐད༌དུ། 7 ཁྱོད་རང་སི་ལོ་ཨམ་རྫིང་བུའི་ནང་དུ་མིག་ཟུང་བཀྲུ་བར་སོང་ཞིག་ཅེས་གསུངས་སོ།། སི་ལོ་ཨམ་ཞེས་པ་ནི་མངགས་པ་ཞེས་པའི་དོན༌ཡིན། དེ་ནས་ལོང་བ་དེ་སོང་ནས་མིག་ཟུང་བཀྲུས་ཤིང་མིག་གིས་མཐོང་བར་གྱུར་པ་དང་ཕྱིར་རང་ཡུལ་དུ་ལོག༌གོ།
8 དེ་ནས་ཁོའི་ཁྱིམ་མཚེས་དང་སྔར་ཁོ་སྤྲང་པོ་ཡིན་པ་མཐོང་མྱོང་མཁན་རྣམས་ན༌རེ། མི་འདི་ནི་སྔོན་ཆད་སློང་མོ་བྱེད་མཁན་དེ་མ་ཡིན་ནམ་ཞེས་སྨྲས༌ཤིང༌། 9 མི་འགའ་ཞིག་གིས་ཁོ་རང་ཡིན་ཞེས་སྨྲས་པ༌དང༌། ཡང་འགའ་ཞིག་གིས་ཁོ་རང་མ་ཡིན་ཏེ་ཁོ་རང་དང་བྱད་གཟུགས་འདྲ་བ་ཞིག་རེད་ཅེས་སྨྲས་པ༌ན། ཁོས་ང་རང་ཡིན་ཞེས་ཡང་ཡང་སྨྲས་པ༌དང༌། 10 མི་རྣམས་ན༌རེ། ཁྱོད་ཀྱི་མིག་ཟུང་ཇི་ལྟར་སོས་སམ་ཞེས་དྲིས་པ༌ལ། 11 ཁོ་ན༌རེ། ཡེ་ཤུ་ཟེར་བའི་སྐྱེས་བུ་དེས་འཇིམ་པ་བརྫིས་ཏེ་ངའི་མིག་ཟུང་ལ་བསྐུས༌རྗེས། སི་ལོ་ཨམ་རྫིང་བུའི་ནང་དུ་མིག་ཟུང་བཀྲུ་བར་སོང་ཞིག་ཅེས་སྨྲས་པ༌དང༌། ང་རང་སོང་སྟེ་བཀྲུས་པ་ན་མིག་གིས་མཐོང་བར་གྱུར་ཞེས་སྨྲས་སོ།། 12 དེ་ནས་མི་དེ་རྣམས་ཀྱིས་མི་དེ་གང་དུ་ཡོད་ཅེས་དྲིས་པ༌ལ། ཁོས་མི་ཤེས་ཞེས་སྨྲས༌སོ།།
ཕ་རུ་ཤི་པ་རྣམས་ཀྱིས་དམུས་ལོང་གི་མིག་གསོས་པར་རྩད་བཅད༌པ།
13 དེ་ནས་མི་དེ་རྣམས་ཀྱིས་སྔོན་ཆད་དམུས་ལོང་ཡིན་པ་དེ་ཉིད་ཕ་རུ་ཤི་པ་རྣམས་ཀྱི་དྲུང་དུ་ཁྲིད་པ་རེད། 14 སྐྱབས་མགོན་ཡེ་ཤུས་འཇིམ་པ་བརྫིས་ནས་དམུས་ལོང་གི་མིག་ཟུང་གསོས་པར་མཛད་པའི་ཉིན་ནི་ངལ་གསོ་བའི་ཉིན་མོ་ཡིན་ནོ།། 15 དེ་ནས་ཕ་རུ་ཤི་པ་རྣམས་ཀྱིས་ཀྱང་ཁོའི་མིག་གིས་ཇི་ལྟར་མཐོང་བར་གྱུར་པ་དྲིས་པ༌ལ། ཁོ་ན༌རེ། མི་དེས་འཇིམ་པ་བརྫིས་ཏེ་ངའི་མིག་ལ་བསྐུས་ཤིང་། ངས་འཇིམ་པ་བཀྲུས་པ་དང་མིག་གིས་མཐོང་བར་གྱུར་ཞེས་སྨྲས་སོ།། 16 དེ་ནས་ཕ་རུ་ཤི་པ་རྣམས་ལས་འགའ་ཞིག་ན༌རེ། མི་དེས་ངལ་གསོ་བའི་ཉིན་མོའི་བཀའ་ཁྲིམས་སྲུང་བཞིན་མེད་པས་དཀོན་མཆོག་ནས་བྱུང་བ་མ་ཡིན་ནོ་ཞེས་སྨྲས་པ༌དང༌། ཡང་འགའ་ཞིག་ན༌རེ། མི་སྡིག་ཅན་གྱིས་དེ་ལྟ་བུའི་གྲུབ་རྟགས་རྣམས་སྟོན་ག་ལ་སྲིད་ཅེས་སྨྲས་པས་དེ་རྣམས་ལ་ལྟ་བ་མི་མཐུན་པ་བྱུང༌ངོ་༎ 17 ཡང་ཕ་རུ་ཤི་པ་དེ་རྣམས་ཀྱིས་སྔོན་ཆད་དམུས་ལོང་ཡིན་པ་དེ༌ལ། མི་དེས་ཁྱོད་ཀྱི་མིག་ཟུང་གསོས་པར་མཛད༌པས། ཁྱོད་ཀྱིས་མི་དེ་ནི་ཅི་ལྟ་བུ་ཡིན་བསམ་མམ་ཞེས་དྲིས་པ༌ལ། ཁོ་ན༌རེ། མི་དེ་ནི་ལུང་སྟོན་པ་ཞིག་ཡིན་ཞེས་སྨྲས་སོ།། 18 དེ་ནས་ཡ་ཧུ་དཱ་པ་དེ་རྣམས་ཀྱིས་སྔོན་ཆད་དམུས་ལོང་ཡིན་ཞིང་རྗེས་སུ་མིག་གིས་མཐོང་བར་གྱུར་པའི་དོན་དེ་ལ་ཡིད་མ་ཆེས༌པར། ཁོའི་ཕ་མ་གཉིས་བོས་ཏེ་ན༌རེ། 19 མི་འདི་ནི་ཁྱོད་གཉིས་ཀྱི་བུ་ཡིན༌ནམ། ཁྱོད་ཕ་མ་གཉིས་ཀྱིས་བཤད་པ་ལྟར་ན་ཁོ་ནི་སྐྱེས་མ་ཐག་ནས་ལོང་བ་ཡིན༌ཟེར། འོ་ན་ད་ལྟ་ཁོའི་མིག་གིས་ཇི་ལྟར་མཐོང་བར་གྱུར་རམ་ཞེས་དྲིས་པ༌ལ། 20 ཕ་མ་གཉིས་ན༌རེ། ཁོ་ནི་ངེད་གཉིས་ཀྱི་བུ་ཡིན་ཞིང་སྐྱེས་མ་ཐག་ནས་ལོང་བ་ཡིན་པ་ངེད་གཉིས་ཀྱིས་ཤེས་སོ།། 21 འོན་ཀྱང་ད་ལྟ་ཁོའི་མིག་གིས་ཇི་ལྟར་མཐོང་བར་གྱུར་པ་དང་། སུ་ཞིག་གིས་ཁོའི་མིག་ཟུང་གསོས་པར་མཛད་པའི་དོན་ནི་ངེད་གཉིས་ཀྱིས་མི་ཤེས༌ཏེ། ཁོ་རང་ནར་སོན་པས་ཁོ་རང་ལ་དྲིས་དང་སྨྲ་ངེས་ཡིན་ཞེས་སྨྲས་སོ།། 22 ཁོའི་ཕ་མ་གཉིས་ཀྱིས་དེ་སྐད་སྨྲས་པ་ནི་ཡ་ཧུ་དཱ་པ་རྣམས་ལ་འཇིགས༌པ་རེད། རྒྱུ་མཚན་ནི་ཡ་ཧུ་དཱ་པ་རྣམས་ཀྱིས་མི་སུ་ཞིག་གིས་ཡེ་ཤུ་ནི་སྐྱབས་མགོན་མཱ་ཤི་ཀ་ཡིན་ཟེར༌ན། མི་དེ་ཆོས་ཁང་ནས་ཕྱི་རུ་འདོན་པར་གྲོས་ཐག་བཅད་ཡོད་པའི་རྐྱེན༌གྱིས། 23 ཁོའི་ཕ་མ་གཉིས་ཀྱིས་ཀྱང་ཁོ་རང་ནར་སོན་པས་ཁོ་ལ་དྲིས་ཤིག་ཅེས་སྨྲས་པ་ཡིན༌ནོ།།
24 དེའི༌ཕྱིར། ཕ་རུ་ཤི་པ་རྣམས་ཀྱིས་སླར་ཡང་སྔོན་ཆད་ལོང་བ་ཡིན་པ་དེ་ཉིད་བོས་ཡོང་སྟེ་ན༌རེ། ཁྱོད་ཀྱིས་དཀོན་མཆོག་ལ་བསྔགས་བརྗོད་བྱོས༌ཤིག མི་དེ་ནི་སྡིག་ཅན་ཞིག་ཡིན་པ་ངེད་རྣམས་ཀྱིས་ཤེས་པ་ཡིན་ཞེས་སྨྲས་པ༌ལ། 25 ཁོ་ན༌རེ། མི་དེ་ནི་སྡིག་ཅན་ཞིག་ཡིན་མིན་ངས་མི་ཤེས༌ལ། སྔོན་ཆད་ང་རང་ནི་དམུས་ལོང་ཡིན་ཡང་ད་ལྟ་མིག་གིས་མཐོང་བ་འདི་བདག་གིས་ཤེས་ཞེས་སྨྲས་སོ།། 26 ཡང་ཕ་རུ་ཤི་པ་རྣམས་ན༌རེ། མི་དེས་ཁྱོད་ལ་ཅི་བྱས་པ་ཡིན༌ནམ། ཁྱོད་ཀྱི་མིག་ཟུང་ཇི་ལྟར་སོས་པ་ཡིན་ནམ་ཞེས་དྲིས་པ༌ན། 27 ཡང་ཁོ་ན༌རེ། ངས་ཁྱོད་རྣམས་ལ་ལན་གཅིག་བཤད་ཀྱང་ཁྱོད་རྣམས་ཀྱིས་མ་མཉན། ད་ནི་ཅིའི་ཕྱིར་མཉན་འདོད༌དམ། ཁྱོད་རྣམས་ཀྱང་མི་དེའི་རྗེས་འབྲང་པ་བྱེད་འདོད་པ་ཡིན་ནམ་ཞེས་སྨྲས་པ༌ལ། 28 དེ་རྣམས་ན༌རེ། ཁྱོད་ནི་མི་དེའི་རྗེས་འབྲང་པ་ཡིན་ཞིང་ངེད་ཅག་ནི་མོ་ཤེའི་རྗེས་འབྲང་པ་ཡིན། 29 དཀོན་མཆོག་གིས་མོ་ཤེ་ལ་གསུང་གླེང་མཛད་མྱོང་བའི་དོན་དེ་ངེད་རྣམས་ཀྱིས་ཤེས་སོ།། འོན་ཀྱང་མི་དེ་ཡུལ་གང་ནས་ཡོང་བ་མི་ཤེས་ཞེས་སྡིགས་དམོད་བྱས་སོ།། 30 ཡང་ཁོ་ན༌རེ། ཁོང་གིས་ངའི་མིག་གསོས་པར་མཛད་ཅིང་ཁྱོད་རྣམས་ཀྱིས་ཁོང་ནི་ཡུལ་གང་ནས་ཡོང་བའང་མི་ཤེས་པས་ཡ་མཚན༌ཆེ། 31 དཀོན་མཆོག་གིས་མི་སྡིག་ཅན་གྱི་གསོལ་འདེབས་ལ་མི་གསན་ཞིང༌། དཀོན་མཆོག་ལ་དད་གུས་ལྡན་པ་དང་ཁོང་གི་དགོངས་པ་བཞིན་དུ་བྱེད་མཁན་རྣམས་ཀྱིས་གསོལ་བ་བཏབ་པ་ལ་ཁོང་གིས་གསན་ངེས་པ་བདག་ཅག་གིས་ཤེས་སོ།། 32 འཇིག་རྟེན་བཀོད་པའི་ཚུན་ལ་མི་སུས་ཀྱང་དམུས་ལོང་གི་མིག་ཟུང་གསོས་པར་མཛད་པའི་དོན་ཐོས་མ་མྱོང༌། 33 གལ་ཏེ་མི་དེ་ནི་དཀོན་མཆོག་ནས་བྱུང་བ་མིན༌ན། དོན་ཅི་ཡང་མཛད་མི་ནུས་ཞེས་སྨྲས་པ༌ལ། 34 ཡང་དེ་རྣམས་ན༌རེ། ཁྱོད་ནི་སྐྱེས་པའི་དུས་ནས་སྡིག་ཅན་ཤ་སྟག་ཡིན་ཞིང་ད་དུང་ངེད་རྣམས་ལ་བསླབ་བྱ་གཏོང་འདོད་དམ་ཞེས་སྨྲས་ཏེ་ཁོ་རང་ཕྱི་རུ་བཏོན༌ཏོ།།
དད་པ་མེད་པའི་དམུས་ལོང་ལྟ་བུ་རྣམས་ལ་ཆོས་གསུངས༌པ།
35 དེ་ནས་སྐྱབས་མགོན་ཡེ་ཤུས་མིག་ཟུང་གསོས་པའི་མི་དེ་ཕྱི་རུ་བཏོན་པའི་གཏམ་ཐོས༌ཤིང༌། མི་དེ་བཙལ་ནས་རྙེད་དེ་འདི་སྐད༌དུ། ཁྱོད་ཀྱིས་མིའི་བུ་ལ་དད་པ་བྱེད་དམ་ཞེས་གསུངས་པ༌དང༌། 36 ཁོ་ན༌རེ། ཇོ་བོ༌ལགས། ཁོང་སུ་ཡིན༌ནམ། ཁྱོད་ཀྱིས་གསུངས་དང་བདག་གིས་དད་པ་བྱའོ་ཞེས་ཞུས་པ༌ལ། 37 སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་ཀྱིས་ཁོང་ཉིད་མཐོང་མྱོང་ཞིང་ད་ལྟ་ཁྱོད་དང་གཏམ་སྨྲ་བཞིན་པ་འདི་ནི་ཁོ་རང་ཡིན་ཞེས་གསུངས་པ༌ན། 38 ཡང་ཁོ་ན༌རེ། གཙོ་བོ༌ལགས། ངས་དད་པ་བྱེད་ཅེས་ཞུས་པ་དང་ཁོང་ལ་ཕྱག་བཙལ་ཏོ།། 39 དེ་ནས་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ང་ནི་འཇིག་རྟེན་འདི་ལ་ལེགས་ཉེས་ཀྱི་ཤན་འབྱེད་དུ་ཡོང་བ་ཡིན༌ཏེ། ལོང་བ་རྣམས་ལ་མཐོང་བར་བྱེད་ཅིང་མཐོང་བ་རྣམས་ནི་ལོང་བར་འགྱུར་བའི་ཕྱིར་རོ་ཞེས་གསུངས་སོ།། 40 དེ་ནས་སྐྱབས་མགོན་ཡེ་ཤུའི་དྲུང་དུ་ཡོད་པའི་ཕ་རུ་ཤི་པ་འགའ་ཞིག་གིས་ཀྱང་གསུངས་དེ་ཐོས་ནས་འདི༌ལྟར། དེས་ན་ངེད་རྣམས་ཀྱང་ལོང་བ་ཡིན་ནམ་ཞེས་དྲིས་པ༌ན། 41 ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། གལ་ཏེ་ཁྱོད་རྣམས་ལོང་བ་ཡིན་ན་སྡིག་པའང་མེད། འོན་ཀྱང་ད་ལྟ་ཁྱོད་རྣམས་ཀྱིས་མིག་གིས་མཐོང་བ་ཡིན་ཞེས་ཟེར༌བས། ཁྱོད་ཅག་གི་རྒྱུད་དུ་ད་དུང་སྡིག་པ་ཡོད་ཅེས་གསུངས༌སོ།།