ལེའུ་ཉེར་དྲུག་པ།
ཨེས་ཡོབ་ཀྱིས་པེལ་དེལ་ལ་ལན་གསུངས་པ།
དེ་ནས་ཨེས་ཡོབ་ཀྱིས་ལན་བཏབ་ནས་སྨྲས་པ། སྟོབས་ཤུགས་ཟད་པར་ཁྱེད་ཀྱི་རོགས་རམ་ཐོབ། ། དཔུང་ངར་ཉམ་ཐག་ཅན་ལ་མགོན་སྐྱབས་མཛད། ། བློ་རྨོངས་ཅན་ལ་ཁྱེད་ཀྱི་མཛུབ་སྟོན་ཐོབ། ། ཁྱེད་ཀྱིས་དེ་ལ་ཕུན་ཚོགས་ཤེས་རབ་མངོན། ། གང་ལ་བརྟེན་ནས་ཁྱེད་ཀྱིས་བཀའ་གནང་ངམ། ། སུ་ཡི་སེམས་ཉིད་ཁྱེད་ལས་ཐོན་པ་ཡིན། །
པེལ་དེལ་གྱི་ཁ་བརྡ་གསུམ་པའི་མུ་རྒྱུན།
ཆུ་ཆེན་རྣམས་དང་དེ་ནང་གནས་པ་ཡི། ། འོག་ཏུ་གནས་པའི་གཤིན་པོ་རྣམས་འདར་ཞིང་། ། ཁོང་གི་དྲུང་དུ་གཤིན་ཡུལ་ཕྱི་རུ་མངོན། ། འཇིག་པའི་ཡུལ་ཡང་ལྐོག་ཏུ་མ་གནས་ཏེ། ། ཁོང་གིས་བྱང་སྣེ་མཁའ་རུ་ཁེབས་པར་མཛད། ། ས་གཞི་སྟོང་པའི་ནམ་མཁར་དཔྱང་བར་མཛད། ། ཁོང་གིས་སྤྲིན་པའི་ནང་དུ་ཆུ་རྣམས་འཐུམ། ། ཆུ་ནི་མང་ཡང་སྤྲིན་ནི་མ་ཐོར་ཏེ། ། ཁོང་གིས་བཞུགས་ཁྲིའི་མདུན་ངོས་འགེབ་བྱེད་ཅིང་། ། དེ་ཡི་སྟེང་དུ་ཆུ་འཛིན་འདིང་བར་མཛད། ། 10 འོད་དང་མུན་པ་གཉིས་པོའི་མཐའ་མཚམས་སུ། ། ཁོང་གིས་ཆུ་ངོས་ཟླུམ་པོའི་དབྱེ་མཚམས་བཅད། ། 11 ཁོང་གི་བཀའ་བཀྱོན་རྐྱེན་གྱིས་ནམ་མཁའ་ཡི། ། ཀ་བ་རྣམས་ཀྱང་འདར་ཞིང་འཁྱོར་བར་གྱུར། ། 12 ཁོང་གི་ནུས་མཐུས་རྒྱ་མཚོ་དཀྲུགས་མཛད་ཅིང་། ། མཁྱེན་རབ་ཀྱིས་ནི་ར་ཧབ་འཇོམས་པར་མཛད། ། 13 ཁོང་གི་ཐུགས་ཀྱིས་ནམ་མཁའ་དྭངས་པར་མཛད། ། ཁོང་གི་ཕྱག་གིས་འཁྱུག་པའི་སྦྲུལ་ཡང་བཅོམ། ། 14 ལྟོས་དང་འདི་ནི་ཁོང་གི་མཛད་པའི་ཟུར་ཙམ་དང་། ། ང་ཚོས་ཐོས་པ་ཁོང་གི་ཤུབ་སྐད་ཙམ་ཡིན་ཞིང་། ། ཁོང་གི་འབྲུག་སྒྲའི་དབང་ནི་སུ་ཡིས་རྟོགས་ནུས་སམ། །