ལེའུ་གསུམ་པ།
ཡོ་ནཱ་ཁོ་རང་ནིན་ཝེ་གྲོང་ཁྱེར་དུ་ཕྱིན་པ།
1 དེ་ནས་དཀོན་མཆོག་ཡ་ཝཱེའི་བཀའ་ནི་སླར་ཡང་ཡོ་ནཱ་ལ་བྱུང་ནས་འདི་སྐད་དུ། 2 ཡར་ལོངས་ལ་གྲོང་ཁྱེར་ཆེན་པོ་ནིན་ཝེ་རུ་སོང་ནས། ངས་ཁྱོད་ལ་བསྒོས་པའི་ཐ་ཚིག་སྒྲོགས་ཤིག་ཅེས་གསུངས་པས། 3 ཡོ་ནཱ་ཡར་ལངས་ནས་དཀོན་མཆོག་ཡ་ཝཱེའི་བཀའ་བཞིན་དུ་ནིན་ཝེ་རུ་ཕྱིན་པ་རེད། གྲོང་ཁྱེར་དེ་ནི་དཀོན་མཆོག་གི་ཐུགས་སུ་གལ་ཆེན་ཞིག་ཡིན་ཞིང་། ཉིན་གསུམ་གྱི་ལམ་ཐག་ཡོད་དོ།། 4 དེ་ནས་ཁོ་རང་གྲོང་ཁྱེར་དེའི་ནང་དུ་སོང་པ་དང་། ཉིན་གཅིག་གི་རིང་ལ་སོང་ནས་སྐད་གསང་མཐོན་པོས་བཀའ་གྱེར་བ་སྟེ། ཉིན་བཞི་བཅུའི་རྗེས་སུ་ནིན་ཝེ་རྩ་མེད་མཛད་ངེས་ཡིན་ཞེས་བསྒྲགས་སོ།།
5 དེ་ནས་ནིན་ཝེ་པ་རྣམས་དཀོན་མཆོག་ལ་དད་པར་གྱུར་པ་དང་། སྨྱུང་གནས་བསྲུང་རྒྱུའི་དོན་ཕྱོགས་ཀུན་ལ་བསྒྲགས་ཤིང་། གོང་འོག་ཚང་མས་རྩིད་རས་ཀྱི་གོས་གྱོན་ནོ།། 6 ཡང་ནིན་ཝེའི་རྒྱལ་པོས་འཕྲིན་འདི་ཐོས་པས། ཁྲི་ལས་བབས། ན་བཟའ་ཕུད། རྩིད་རས་ཀྱི་གོས་གྱོན་པ་དང་ཐལ་བའི་ནང་དུ་བསྡད་དེ། 7 ཆབ་ཤོག་བཏང་ནས་ནིན་ཝེའི་ས་ཕྱོགས་ཡོངས་སུ་འདི་ལྟར་དུ། རྒྱལ་པོ་དང་བློན་པོ་རྣམས་ཀྱིས་གྲོས་ཐག་བཅད་པ་བཞིན་འདི་ལྟར་སྨྲས་པ་སྟེ། མིའམ། སྒོ་ཕྱུགས་སམ། བ་ཁྱུའམ། ར་ལུག་གི་ཁྱུ་གང་གིས་ཁ་ལ་ཅི་ཡང་མྱང་དུ་མ་འཇུག དེ་རྣམས་ལ་ཅི་ཡང་སྤྱོད་དུ་མ་འཇུག ཆུ་ཡང་འཐུང་དུ་མ་འཇུག 8 དེར་མ་ཟད་མི་དང་སྒོ་ཕྱུགས་གཉིས་ཀ་རྩིད་རས་ཀྱི་གོས་ཀྱིས་བཀླུབས་པ་དང་། དཀོན་མཆོག་ལ་ནན་གྱིས་ཞུ་བ་ཕུལ་ཏེ། རང་རང་གི་སྤྱོད་ལམ་ངན་པ་དང་། རང་རང་གི་ལག་པའི་གདུག་རྩུབ་སྤོངས་ཤིག 9 སུ་ཞིག་གིས་ཤེས་སམ། དཀོན་མཆོག་གིས་བློ་ཁ་བསྒྱུར་ནས་ཐུགས་ཁྲོ་ཚ་པོ་ཞི་བར་མཛད་ཅིང་། རང་ཅག་རྣམས་སྲོག་ཐར་དུ་གཏོང་ཡང་སྲིད་ཅེས་བསྒྲགས་གཏམ་སྤེལ་ཏོ།།
10 དེ་ནས་ཁོ་རྣམས་ཀྱིས་སྤྱོད་ལམ་ངན་པ་སྤངས་པ་དཀོན་མཆོག་གིས་གཟིགས་ཤིང་། ཁོང་གིས་བློ་ཁ་བསྒྱུར་ནས་སྔོན་ལ་གསུངས་པའི་ཆག་སྒོ་ཁོ་རྣམས་ལ་མཛད་ངེས་པ་དེ་ཅི་ཡང་མ་མཛད་དོ།།