ལེའུ་བརྒྱད་པ།
ཨེ་ཡུ་གྲོང་ཁྱེར་རྩ་མེད་དུ་བཏང་བ།
དཀོན་མཆོག་ཡ་ཝཱེས་ཡོ་ཤུ་ཨ་ལ་འདི་སྐད་དུ། མ་འཇིགས་མ་འཚབ་ཅིག དམག་མི་ཐམས་ཅད་ཁྲིད་ནས་ཡར་ཨེ་ཡུ་གྲོང་ཁྱེར་དུ་སོང་དང་། ངས་ཨེ་ཡུ་གྲོང་ཁྱེར་གྱི་རྒྱལ་པོ་དང་དེའི་འབངས་མི་རྣམས་དང་། དེའི་མཁར། དེར་མ་ཟད་དེའི་ས་དང་བཅས་ཡོད་ཚད་ཁྱོད་ཀྱི་ལག་ཏུ་སྤྲད་པ་ཡིན། ཁྱོད་ཀྱིས་ཡེ་རུ་ཀོ་དང་དེའི་རྒྱལ་པོ་ལ་ཇི་བྱས་པ་ལྟར་ཨེ་ཡུ་དང་དེའི་རྒྱལ་པོ་ལའང་དེ་ལྟར་བྱེད་དགོས། ཡིན་ནའང་གྲོང་ཁྱེར་ནས་ཕྲོགས་ཡོང་བའི་ནོར་རྫས་དང་ཕྱུགས་ཟོག་ནི་ཁྱོད་རྣམས་ཀྱིས་རང་རང་གི་བཅོམ་ནོར་དུ་བླངས་ཆོག ཁྱོད་ཀྱིས་གྲོང་ཁྱེར་གྱི་ལྟག་རྒྱབ་ཏུ་འཇབ་དམག་བསྒྲིག་དགོས་ཞེས་གསུངས། དེ་ནས་ཡོ་ཤུ་ཨ་དང་དམག་མི་ཐམས་ཅད་ལངས་ཏེ་ཡར་ཨེ་ཡུ་གྲོང་ཁྱེར་ལ་སོང་། ཡོ་ཤུ་ཨ་ཡིས་དཔའ་རྒོད་སྟོབས་ཅན་ཁྲི་གསུམ་བདམས་ནས་མཚན་མོའི་དུས་སུ་ཁོ་རྣམས་ལམ་དུ་ཆས་པར་མངགས་ཤིང་། དེ་རྣམས་ལ། ཁྱོད་ཚོས་གྲོང་ཁྱེར་གྱི་ལྟག་རྒྱབ་ཏུ་འཇབ་སྒུག་བྱེད་དགོས་ཏེ། གྲོང་ཁྱེར་དང་ཤིན་ཏུ་ཐག་རིང་སར་མི་སྡོད་པར་ཚང་མས་རང་རང་སར་སྟ་གོན་བྱེད་དགོས། ང་དང་ངས་ཁྲིད་པའི་འབངས་རྣམས་གྲོང་ཁྱེར་གྱི་ཕྱོགས་སུ་འགྲོ་ཞིང་། གྲོང་ཁྱེར་ནང་གི་མི་རྣམས་ཀྱིས་སྔར་བཞིན་ཕྱི་རུ་ཡོང་ནས་ངེད་ཅག་ལ་རྒོལ་བའི་སྐབས་སུ། ངེད་རྣམས་ཁོ་ཚོའི་སྔུན་ནས་འབྲོ་བར་བྱ། ང་ཚོས་ཁོ་རྣམས་ལ་སླུ་བྲིད་བྱས་ནས་གྲོང་ཁྱེར་དང་རིང་བའི་བར་དུ་ཁོ་ཚོ་ཕྱི་རུ་ཡོང་ནས་ངེད་རྣམས་ཀྱི་རྗེས་འདེད་ངེས་ཤིང་། ཁོ་ཚོས་མི་འདི་རྣམས་སྔར་བཞིན་ང་ཚོའི་སྔུན་ནས་འབྲོ་བར་འགྱུར་ཞེས་སྨྲ་ངེས་ཡིན་པས། ངེད་རྣམས་ཁོ་ཚོའི་སྔུན་ནས་འབྲོ་བར་བྱ། དེ་ནས་ཁྱོད་རྣམས་འཇབ་སྒུག་བྱེད་ས་ནས་ལངས་ཏེ་གྲོང་ཁྱེར་དེ་འཕྲོག་དགོས། ཅི་ལ་ཟེར་ན། ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་གྲོང་ཁྱེར་འདི་ཁྱོད་རྣམས་ཀྱི་ལག་ཏུ་སྤྲོད་ངེས་ཡིན་པས་སོ། ། ཁྱོད་རྣམས་ཀྱིས་གྲོང་ཁྱེར་ཕྲོགས་རྗེས་མེ་བསྒྲོན་ནས་གྲོང་ཁྱེར་བསྲེག་དགོས་པ་སྟེ། དཀོན་མཆོག་ཡ་ཝཱེའི་བཀའ་བཞིན་དུ་བྱེད་དགོས། འདི་ནི་བདག་གིས་ཁྱོད་རྣམས་ལ་བསྒོས་པ་ཡིན་ཞེས་བསྒོས། ཡོ་ཤུ་ཨ་ཡིས་ཁོ་རྣམས་འགྲོ་བར་མངགས་པ་དང་། ཁོ་རྣམས་འཇབ་སྒུག་བྱེད་ས་རུ་སོང་ནས་པེད་ཨེལ་དང་ཨེ་ཡུ་གྲོང་ཁྱེར་གཉིས་ཀྱི་བར་དུ་བསྡད་ཅིང་། དེ་ནི་ཨེ་ཡུ་གྲོང་ཁྱེར་གྱི་ནུབ་ཕྱོགས་ཡིན་ནོ། །མཚན་མོ་དེར་ཡོ་ཤུ་ཨ་ནི་འབངས་རྣམས་ཀྱི་ཁྲོད་དུ་ཞག་སྡོད་བྱས། 10 ཡོ་ཤུ་ཨ་ཞོགས་པ་སྔ་མོ་ཡར་ལངས་ཏེ་འབངས་རྣམས་བསྡུས་ནས། ཁོ་དང་ཡེས་ར་ཨེལ་གྱི་རྒན་པོ་རྣམས་ནི་འབངས་རྣམས་ཀྱི་སྔུན་ནས་ཡར་ཨེ་ཡུ་གྲོང་ཁྱེར་དུ་སོང་ངོ་། ། 11 འབངས་མི་རྣམས་ཏེ་ཁོས་ཁྲིད་པའི་དམག་མི་ཐམས་ཅད་ཡར་སོང་བ་དང་། ཐད་ཀར་མདུན་དུ་བསྐྱོད་ཅིང་གྲོང་ཁྱེར་གྱི་སྔུན་དུ་ཡོང་ནས་ཨེ་ཡུ་གྲོང་ཁྱེར་གྱི་བྱང་ཕྱོགས་སུ་སྒར་བཏབ། ཡོ་ཤུ་ཨ་དང་ཨེ་ཡུ་གྲོང་ཁྱེར་གཉིས་ཀྱི་བར་དུ་ལུང་པ་ཞིག་ཡོད་པ་ཡིན། 12 ཁོས་མི་ལྔ་སྟོང་ཙམ་བདམས་ནས་དེ་རྣམས་ལ་པེད་ཨེལ་དང་ཨེ་ཡུ་གྲོང་ཁྱེར་གཉིས་ཀྱི་བར་ཏེ་ཨེ་ཡུ་གྲོང་ཁྱེར་གྱི་ནུབ་ཕྱོགས་སུ་འཇབ་སྒུག་བྱེད་དུ་བཅུག 13 དེ་ནས་འབངས་མི་རྣམས་ཏེ་གྲོང་ཁྱེར་བྱང་ཕྱོགས་ཀྱི་དམག་མི་ཡོངས་རྫོགས་དང་གྲོང་ཁྱེར་ནུབ་ཕྱོགས་ཀྱི་འཇབ་དམག་རྣམས་བཀོད་སྒྲིག་བྱས་པ་དང་། མཚན་མོ་དེར་ཡོ་ཤུ་ཨ་ནི་ལུང་པའི་ནང་དུ་སོང་ངོ་། ། 14 ཨེ་ཡུ་གྲོང་ཁྱེར་གྱི་རྒྱལ་པོས་གནས་ཚུལ་དེ་མཐོང་ནས་གྲོང་ཁྱེར་ཡོངས་ཀྱི་མི་རྣམས་དང་མཉམ་དུ་ཞོགས་པ་སྔ་མོ་ཡར་ལངས་ཏེ། ཡེས་ར་ཨེལ་པ་དང་འཐབ་པའི་ཕྱིར་དུས་བཅད་ལྟར་ཡ་ལ་པའི་མདུན་སར་ཡོང་མོད། འོན་ཀྱང་རྒྱལ་པོས་གྲོང་ཁྱེར་གྱི་ལྟག་རྒྱབ་ཏུ་འཇབ་དམག་ཡོད་པ་མི་ཤེས་སོ། ། 15 ཡོ་ཤུ་ཨ་དང་ཡེས་ར་ཨེལ་པ་རྣམས་ནི་ཁོ་ཚོའི་སྔུན་དུ་ཕམ་པར་བརྫུས་ཤིང་དབེན་སྟོང་ལ་འགྲོ་བའི་ལམ་དུ་བྲོས། 16 གྲོང་ཁྱེར་ནང་གི་མི་རྣམས་མཉམ་དུ་བསྡུས་ནས་ཁོ་ཚོའི་རྗེས་དེད་ཅིང་། ཨེ་ཡུ་གྲོང་ཁྱེར་གྱི་མི་རྣམས་ཀྱིས་ཡོ་ཤུ་ཨའི་རྗེས་འདེད་པའི་སྐབས་སུ་སླུ་བྲིད་འོག་ཏུ་ཚུད་ནས་གྲོང་ཁྱེར་དང་བྲལ་ཏོ། ། 17 ཨེ་ཡུ་དང་པེད་ཨེལ་གྲོང་ཁྱེར་ནས་ཕྱི་རུ་ཡོང་སྟེ་ཡེས་ར་ཨེལ་པ་རྣམས་ཀྱི་རྗེས་མི་འདེད་མཁན་གཅིག་ཀྱང་མེད་ལ། མཁར་སྒོ་ཆེར་ཕྱེས་ནས་བསྐྱུར་ཅིང་ཡེས་ར་ཨེལ་པ་རྣམས་ཀྱི་རྗེས་འདེད་དུ་ཕྱིན། 18 དཀོན་མཆོག་ཡ་ཝཱེས་ཡོ་ཤུ་ཨ་ལ་འདི་སྐད་དུ། ཁྱོད་ཀྱིས་ལག་གི་མདུང་ཐུང་ཨེ་ཡུ་གྲོང་ཁྱེར་ཕྱོགས་སུ་རྐྱོངས་ཤིག ཅི་ལ་ཟེར་ན། བདག་གིས་གྲོང་ཁྱེར་དེ་ཁྱོད་ཀྱི་ལག་ཏུ་སྤྲོད་རྒྱུ་ཡིན་པས་སོ་ཞེས་གསུངས་པས། ཡོ་ཤུ་ཨ་ཡིས་ལག་གི་མདུང་ཐུང་གྲོང་ཁྱེར་ཕྱོགས་སུ་བརྐྱངས། 19 ཁོས་ལག་པ་བརྐྱངས་མ་ཐག འཇབ་དམག་རྣམས་འཇབ་སྒུག་བྱེད་ས་ནས་མགྱོགས་པོར་ལངས་ནས་གྲོང་ཁྱེར་ཕྲོགས་པ་དང་། གྲོང་ཁྱེར་ནང་དུ་བརྒྱུགས་ཏེ་མེ་བསྒྲོན་ནས་བསྲེགས་སོ། ། 20 ཨེ་ཡུ་གྲོང་ཁྱེར་གྱི་མི་ཡིས་ཁ་ཕྱིར་འཁོར་ནས་བལྟས་པ་ན། བསམ་ཡུལ་ལས་འདས་པ་ཞིག་ལ་གྲོང་ཁྱེར་ལས་དུ་སྨུག་དགུང་ལ་འཕྱུར་བཞིན་ཡོད་པས། ཁོ་རྣམས་སྟོབས་ཟད་ནས་ཕྱོགས་གང་ལའང་འབྲོ་མ་ནུས་སོ། །དབེན་སྟོང་ལ་འབྲོ་བའི་འབངས་རྣམས་ཁ་ཕྱིར་འཁོར་ནས་ཁོ་ཚོའི་རྗེས་འདེད་མཁན་ལ་ཕར་རྒོལ་བྱས། 21 ཡོ་ཤུ་ཨ་དང་ཡེས་ར་ཨེལ་པ་རྣམས་ཀྱིས་འཇབ་དམག་གིས་གྲོང་ཁྱེར་ཕྲོགས་ཟིན་པ་དང་གྲོང་ཁྱེར་ལས་དུ་སྨུག་འཕྱུར་བ་མཐོང་ནས། ཁ་ཕྱིར་འཁོར་ནས་སོང་སྟེ་ཨེ་ཡུ་གྲོང་ཁྱེར་གྱི་མི་རྣམས་ལ་དམག་བརྒྱབ། 22 འཇབ་དམག་རྣམས་ཀྱང་གྲོང་ཁྱེར་ཕྱི་རུ་བུད་དེ་ཨེ་ཡུ་གྲོང་ཁྱེར་གྱི་དམག་མི་ལ་རྒོལ་ལན་སྤྲད་པས། ཨེ་ཡུ་གྲོང་ཁྱེར་གྱི་དམག་མི་རྣམས་ཡེས་ར་ཨེལ་པས་བར་དུ་བཅུག་སྟེ། རྒྱབ་མདུན་གཉིས་སུ་ཡེས་ར་ཨེལ་པ་ཡིན་ནོ། །དེ་ནས་ཡེས་ར་ཨེལ་པ་རྣམས་ཀྱིས་ཁོ་ཚོར་དམག་བརྒྱབ་ནས་བཅོམ་པ་དང་། གཅིག་ཀྱང་མ་བསྐྱུར་ལ་བྲོས་ནས་ཐར་བ་གཅིག་ཀྱང་མེད་དོ། ། 23 ཡེས་ར་ཨེལ་པས་ཨེ་ཡུ་གྲོང་ཁྱེར་གྱི་རྒྱལ་པོ་གསོན་པོར་བཟུང་ནས་ཁོ་ཡོ་ཤུ་ཨ་ཡི་རྩར་ཁྲིད་ཡོང་ངོ་། ། 24 ཡེས་ར་ཨེལ་པ་རྣམས་ཀྱིས་ཞིང་བར་དང་དབེན་སྟོང་ནས་ཨེ་ཡུ་གྲོང་ཁྱེར་གྱི་རྗེས་འདེད་མཁན་དམག་མི་ཐམས་ཅད་རྩ་མེད་དུ་བཏང་། ཨེ་ཡུ་གྲོང་ཁྱེར་གྱི་དམག་མི་རྣམས་གྲིའི་ཁ་ནས་འགྱེལ་ཞིང་ཡོངས་རྫོགས་རྩ་མེད་དུ་གྱུར་པས། ཡེས་ར་ཨེལ་པ་རྣམས་ཨེ་ཡུ་གྲོང་ཁྱེར་དུ་ཕྱིར་ལོག་ནས་གྲོང་ཁྱེར་ནང་གི་མི་རྣམས་གྲིས་བསད། 25 ཉིན་མོ་དེར་བསད་པའི་མི་ནི་སྐྱེས་ཕོ་མོ་བསྡོམས་པས་ཆིག་ཁྲི་ཉིས་སྟོང་ཡོད་པ་སྟེ། ཨེ་ཡུ་གྲོང་ཁྱེར་གྱི་མི་ཐམས་ཅད་ཡིན་ནོ། ། 26 ཡོ་ཤུ་ཨ་ཡིས་ཨེ་ཡུ་གྲོང་ཁྱེར་གྱི་ཡུལ་མི་ཐམས་ཅད་རྩ་མེད་དུ་གཏོང་བའི་བར་དུ་ལག་ནས་ཕྱིར་བརྐྱངས་པའི་མདུང་ཐུང་ཕྱིར་མ་བསྡུས་སོ། ། 27 ཡིན་ནའང་གྲོང་ཁྱེར་ནང་གི་ཕྱུགས་ཟོག་དང་ནོར་རྫས་ཁོ་ན་ཡེས་ར་ཨེལ་པ་རྣམས་ཀྱིས་རང་རང་གི་བཅོམ་ནོར་དུ་བླངས་པ་དང་། དཀོན་མཆོག་ཡ་ཝཱེས་ཡོ་ཤུ་ཨ་ལ་བསྒོས་པའི་བཀའ་བཞིན་ཡིན་ནོ། ། 28 ཡོ་ཤུ་ཨ་ཡིས་ཨེ་ཡུ་གྲོང་ཁྱེར་མེར་བསྲེགས་ནས་གྲོང་ཁྱེར་ནི་དུས་གཏན་དུ་ད་ལྟའི་བར་དུ་ཞིག་རོ་དང་ས་རྒོད་དུ་ལུས་པ་དང་། 29 ཡང་ཨེ་ཡུ་གྲོང་ཁྱེར་གྱི་རྒྱལ་པོ་སྡོང་མགོར་བཀལ་ནས་དགོང་མོའི་བར་དུ་བཞག ཉི་མ་ནུབ་པའི་སྐབས་སུ་ཡོ་ཤུ་ཨ་ཡིས་མི་ལ་བེམ་པོ་སྡོང་མགོ་ནས་མར་བླངས་ནས་མཁར་སྒོ་ཁར་གཡུག་པར་བསྒོས་ཤིང་། བེམ་པོའི་སྟེང་དུ་རྡོ་བརྩིགས་བརྒྱབ་ནས་ད་ལྟའི་བར་དུ་བཞག་གོ །
ཨེ་བཱལ་རི་བོར་བཀའ་ཁྲིམས་ཁྱབ་བསྒྲགས་བྱས་པ།
30 སྐབས་དེར་ཡོ་ཤུ་ཨ་ཡིས་ཨེ་བཱལ་རི་བོར་ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེ་ལ་མཆོད་ཁྲི་ཞིག་བཞེངས་པ་དང་། 31 མཆོད་ཁྲི་འདི་ནི་ལྕགས་ཆས་ཀྱིས་བརྡུང་མ་མྱོང་བའི་རྡོ་ཧྲིལ་པོས་བརྩིགས་པ་སྟེ། དཀོན་མཆོག་ཡ་ཝཱེའི་ཞབས་ཕྱི་མོ་ཤེས་ཡེས་ར་ཨེལ་པ་རྣམས་ལ་བསྒོས་པའི་བཀའ་བཞིན་དང་། ཏག་ཏག་མོ་ཤེའི་བཀའ་ཁྲིམས་ཀྱི་མདོ་ནང་བཀོད་པ་ལྟར་ཡིན་ནོ། །མི་རྣམས་ཀྱིས་མཆོད་ཁྲི་འདིའི་སྟེང་དུ་དཀོན་མཆོག་ཡ་ཝཱེ་ལ་སྦྱིན་སྲེག་དང་ཞི་བདེའི་མཆོད་པ་ཕུལ། 32 ཡོ་ཤུ་ཨ་ཡིས་ཡུལ་དེར་ཡེས་ར་ཨེལ་པ་རྣམས་ཀྱི་མདུན་ནས་མོ་ཤེས་ཡི་གེར་བཀོད་པའི་བཀའ་ཁྲིམས་རྣམས་རྡོའི་སྟེང་དུ་གཙང་བཤུས་བརྒྱབ་པའོ། ། 33 ཡེས་ར་ཨེལ་པ་རྣམས་ཏེ་གཞིས་སྐྱེས་དང་བྱེས་པ། རྒན་པོ་རྣམས། འགོ་དཔོན་རྣམས། དེ་མིན་ཁྲིམས་དཔོན་རྣམས་བཅས་སུ་དང་སུ་ཡིན་ཡང་ཐམས་ཅད་ཞལ་ཆད་ཀྱི་ཤུར་སྒམ་འཁུར་བའི་ལེ་ཝི་པའི་མཆོད་དཔོན་རྣམས་ཀྱི་སྔུན་ནས། ཡེས་ར་ཨེལ་པ་རྣམས་ལ་བྱིན་གྱིས་བརླབ་པའི་ཕྱིར་ཕྱེད་ཀ་གེ་རི་ཟིམ་རི་བོའི་ཕྱོགས་སུ་ཁ་གཏད་ཅིང་། ཕྱེད་ཀ་ཨེ་བཱལ་རི་བོའི་ཕྱོགས་སུ་ཁ་གཏད་ནས་ལངས་བསྡད་ཅིང་། ཏག་ཏག་དཀོན་མཆོག་ཡ་ཝཱེའི་ཞབས་ཕྱི་མོ་ཤེས་དེ་སྔོན་ཇི་ལྟར་བཀའ་བསྒོས་པ་བཞིན་དུ་ཡེས་ར་ཨེལ་གྱི་འབངས་མི་རྣམས་ལ་བྱིན་རླབས་གནང་ངོ་། ། 34 དེའི་རྗེས་སུ་ཡོ་ཤུ་ཨ་ཡིས་བཀའ་ཁྲིམས་སྟེང་གི་བྱིན་རླབས་དང་དམོད་མོའི་བཀའ་རྣམས་བཀའ་ཁྲིམས་སྟེང་དུ་ཅི་ཞིག་བཀོད་ཡོད་པ་བཞིན་དུ་ཐམས་ཅད་ཐེངས་གཅིག་ལ་ཁྱབ་བསྒྲགས་བྱས་པ་དང་། 35 མོ་ཤེས་བསྒོས་པའི་བཀའ་ཐམས་ཅད་ཡོ་ཤུ་ཨ་ཡིས་ཡེས་ར་ཨེལ་གྱི་མི་ཚོགས་ཡོངས་དང་བུད་མེད། བྱིས་པ། དེ་མིན་ཁོ་རྣམས་ཁྲོད་དུ་བྱེས་སུ་སྡོད་པའི་ཕྱི་ཕྱོགས་པ་རྣམས་ཀྱི་མདུན་དུ་ཚིག་གཅིག་ཀྱང་མ་ལུས་པར་ཁྱབ་བསྒྲགས་བྱས་སོ། །