ལེའུ་ཉེར་གཅིག་པ།
ལེ་ཝི་པ་རྣམས་ལ་སྤྲད་པའི་གྲོང་ཁྱེར་རྣམས།
སྐབས་དེར་ལེ་ཝི་པའི་ཚོ་དཔོན་རྣམས་མཆོད་དཔོན་ཨེ་ལི་ཨ་ཟར་དང་ནུན་གྱི་བུ་ཡོ་ཤུ་ཨ་དང་། ཡེས་ར་ཨེལ་གྱི་ཚོ་པ་རེ་རེའི་ཚོ་དཔོན་རྣམས་ཀྱི་དྲུང་དུ་འོངས་ནས། ཀ་ན་ཨན་ཡུལ་གྱི་ཞི་ལོ་རུ་ཁོ་རྣམས་ལ། སྔར་དཀོན་མཆོག་ཡ་ཝཱེས་མོ་ཤེ་བརྒྱུད་ནས་ངེད་རྣམས་གཞིས་ཆགས་པའི་ཕྱིར་གྲོང་ཁྱེར་གནང་པ་དང་། ང་ཚོའི་ཕྱུགས་འཚོ་བའི་ཕྱིར་གྲོང་ཁྱེར་གྱི་ཉེ་འཁོར་རྣམས་གནང་བའི་བཀའ་བསྒོས་པའོ་ཞེས་ཞུས་པ་ལ། ཡེས་ར་ཨེལ་པ་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེས་བཀའ་ཇི་ལྟར་བསྒོས་པ་བཞིན་དུ་རང་ཉིད་ཀྱི་ས་སྐལ་ལས་གཤམ་གསལ་གྱི་གྲོང་ཁྱེར་དང་དེའི་ཉེ་འཁོར་རྣམས་ལེ་ཝི་པར་སྤྲད་པ་སྟེ། ཀོ་ཧད་རུས་རྒྱུད་ཀྱི་ཕྱིར་རྒྱན་འཕངས་པ་དང་། ལེ་ཝི་པའི་མཆོད་དཔོན་ཨ་རོན་གྱི་བུ་རྒྱུད་དེ། ཡ་ཧུ་དཱ་ཚོ་པ་དང་སི་མུ་ཨོན་ཚོ་པ། པེན་ཡཱ་མེན་ཚོ་པ་བཅས་ཀྱི་ས་སྐལ་ལས་རྒྱན་བླངས་པ་ལྟར་གྲོང་ཁྱེར་བཅུ་གསུམ་ཐོབ་པ་ཡིན། ཀོ་ཧད་ཀྱི་བུ་རྒྱུད་གཞན་རྣམས་ལ་ཨེ་ཕཱར་ཡིམ་ཚོ་པ་དང་དཱན་གྱི་ཚོ་པ། མཱ་ན་ཤེའི་ཚོ་པ་ཕྱེད་ཀ་བཅས་ཀྱི་ས་སྐལ་ལས་རྒྱན་བླངས་པ་བཞིན་གྲོང་ཁྱེར་བཅུ་ཐོབ་པ་ཡིན། གེར་ཤོན་གྱི་བུ་རྒྱུད་རྣམས་ལ་ཡེས་སི་ཀཱར་ཚོ་པ་དང་། ཨ་ཤེར་ཚོ་པ། ནཱབ་ཐ་ལི་ཚོ་པ། པཱ་ཤན་དུ་སྡོད་པའི་མཱ་ན་ཤེའི་ཚོ་པ་ཕྱེད་ཀ་བཅས་ཀྱི་ས་སྐལ་ལས་རྒྱན་བླངས་པ་བཞིན་གྲོང་ཁྱེར་བཅུ་གསུམ་ཐོབ་པ་ཡིན། མཱ་རཱ་རེའེ་ཡི་བུ་རྒྱུད་རྣམས་ལ་རུས་རྒྱུད་ལྟར། རུ་བེན་ཚོ་པ་དང་། གཱ་རྡུ་ཚོ་པ། ཟེ་བུ་ལུན་ཚོ་པ་བཅས་ཀྱི་ས་སྐལ་ལས་རྒྱན་བླངས་པ་བཞིན་གྲོང་ཁྱེར་བཅུ་གཉིས་ཐོབ་པ་ཡིན། ཡེས་ར་ཨེལ་པ་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེས་མོ་ཤེ་བརྒྱུད་ནས་ཇི་ལྟར་བཀའ་བསྒོས་པ་བཞིན། གྲོང་ཁྱེར་དེ་དག་དང་དེའི་ཉེ་འཁོར་རྣམས་ལེ་ཝི་པ་རྣམས་ལ་བགོས་པའོ། ། 9-10 ཁོ་ཚོས་ཡ་ཧུ་དཱ་ཚོ་པ་དང་སི་མུ་ཨོན་ཚོ་པའི་ས་སྐལ་ལས། གཤམ་གསལ་གྱི་གྲོང་ཁྱེར་རྣམས་ལེ་ཝི་ཚོ་པའི་ཀོ་ཧད་རུས་རྒྱུད་དེ་ཨ་རོན་ཀྱི་བུ་རྒྱུད་རྣམས་ལ་སྤྲད་པ་སྟེ། ཅི་ལ་ཟེར་ན། ཁོ་ཚོའི་ཕྱིར་རྒྱན་བླངས་ནས་སྐལ་དང་པོ་བྱུང་བས་སོ། ། 11 ཡ་ཧུ་དཱ་རི་ཁུལ་གྱི་ཀིར་ཡཱད་ཨར་པཱ་དང་ཉེ་འཁོར་གྱི་ཕྱི་རོལ་རྣམས་ཁོ་ཚོར་སྤྲད། ཨར་པཱ་ནི་ཨ་ནག་པའི་ཕ་མེས་ཡིན་པ་དང་། ཀིར་ཡཱད་ཨར་པཱ་ནི་གནའ་བོའི་ཧེབ་རོན་ཞེས་བྱ་བ་ཡིན་ནོ། ། 12 གྲོང་ཁྱེར་ལ་གཏོགས་པའི་ས་ཞིང་དང་གྲོང་ཚོ་རྣམས་འབའ་ཞིག་ཡེ་ཕུན་ནེའི་བུ་ཀཱ་ལེབ་ལ་ས་སྐལ་དུ་སྤྲད། 13 ཡེས་ར་ཨེལ་པས་མི་གསོད་ནོར་བྱེད་མཁན་རྣམས་སྐྱབས་བཅོལ་སའི་གྲོང་ཁྱེར་ཧེབ་རོན་དང་། དེར་གཏོགས་པའི་ཉེ་འཁོར་རྣམས་མཆོད་དཔོན་ཨ་རོན་གྱི་བུ་རྒྱུད་ལ་སྤྲད་ཅིང་། ཡང་ཁོ་ཚོར་ལིབ་ནཱ་དང་དེར་གཏོགས་པའི་ཉེ་འཁོར་དང་། 14 ཡད་ཏིར་དང་དེར་གཏོགས་པའི་ཉེ་འཁོར། ཨེ་སི་ཏེ་མོ་ཨ་དང་དེར་གཏོགས་པའི་ཉེ་འཁོར། 15 ཧོ་ལོན་དང་དེར་གཏོགས་པའི་ཉེ་འཁོར། དི་བིར་དང་དེར་གཏོགས་པའི་ཉེ་འཁོར། 16 ཨ་ཡིན་དང་དེར་གཏོགས་པའི་ཉེ་འཁོར། ཡུད་ཏ་དང་དེར་གཏོགས་པའི་ཉེ་འཁོར། པེད་ཤེ་མེ་སི་དང་དེར་གཏོགས་པའི་ཉེ་འཁོར་བཅས་བསྡོམས་པས་གྲོང་ཁྱེར་དགུ་སྤྲད་པ་དང་། ཐམས་ཅད་ཚོ་པ་དེ་གཉིས་ལས་བགོས་པ་ཡིན་ནོ། ། 17 ཡང་པེན་ཡཱ་མེན་ཚོ་པའི་ས་སྐལ་ལས་ཁོ་རྣམས་ལ་གིབ་ཡོན་དང་དེར་གཏོགས་པའི་ཉེ་འཁོར་དང་། གེ་བཱ་དང་དེར་གཏོགས་པའི་ཉེ་འཁོར། 18 ཨ་ན་ཐོད་དང་དེར་གཏོགས་པའི་ཉེ་འཁོར། ཨལ་མོན་དང་དེར་གཏོགས་པའི་ཉེ་འཁོར་བཅས་བསྡོམས་པས་གྲོང་ཁྱེར་བཞི་སྤྲད། 19 ཨ་རོན་གྱི་མཆོད་དཔོན་ཡིན་པའི་བུ་རྒྱུད་རྣམས་ལ་བསྡོམས་པས་གྲོང་ཁྱེར་བཅུ་གསུམ་དང་དེ་རྣམས་ལ་གཏོགས་པའི་ཉེ་འཁོར་རྣམས་སྤྲད་པ་ཡིན། 20 ལེ་ཝི་ཚོ་པའི་ཁྲོད་ཀོ་ཧད་ཀྱི་རུས་རྒྱུད་དེ། ཀོ་ཧད་ཀྱི་བུ་རྒྱུད་གཞན་རྣམས་ལ་རྒྱན་འཕངས་ནས་ཐོབ་པའི་གྲོང་ཁྱེར་ནི་ཨེ་ཕཱར་ཡིམ་ཚོ་པ་ནས་བགོས་པ་ཡིན་ནོ། ། 21 ཡེས་ར་ཨེལ་པས་ཨེ་ཕཱར་ཡིམ་རི་ཁུལ་གྱི་སི་ཀེམ་སྟེ་མི་གསོད་ནོར་བྱེད་མཁན་རྣམས་སྐྱབས་བཅོལ་སའི་གྲོང་ཁྱེར་དང་དེར་གཏོགས་པའི་ཉེ་འཁོར་རྣམས་ཁོ་ཚོར་སྤྲད་ཅིང་། ཡང་གེ་ཟེར་དང་དེའི་ཉེ་འཁོར་དང་། 22 ཀིབ་ཚ་ཡིམ་དང་དེར་གཏོགས་པའི་ཉེ་འཁོར། པེད་ཧོ་རོན་དང་དེར་གཏོགས་པའི་ཉེ་འཁོར་བཅས་བསྡོམས་པས་གྲོང་ཁྱེར་བཞི་ཁོ་རྣམས་ལ་སྤྲད། 23 ཡང་དཱན་ཚོ་པའི་ས་སྐལ་ལས་ཨེལ་ཐེ་ཁེ་དང་དེར་གཏོགས་པའི་ཉེ་འཁོར་དང་། གིབ་བེ་ཏོན་དང་དེར་གཏོགས་པའི་ཉེ་འཁོར། 24 ཨ་ཡཱ་ལོན་དང་དེར་གཏོགས་པའི་ཉེ་འཁོར། གཱད་རིམ་མོན་དང་དེར་གཏོགས་པའི་ཉེ་འཁོར་བཅས་བསྡོམས་པས་གྲོང་ཁྱེར་བཞི་ཁོ་རྣམས་ལ་སྤྲད། 25 ཡང་མཱ་ན་ཤེའི་ཚོ་པ་ཕྱེད་ཀའི་ས་སྐལ་ལས་ཐ་ཨ་ནག་དང་དེར་གཏོགས་པའི་ཉེ་འཁོར་དང་། གཱད་རིམ་མོན་དང་དེར་གཏོགས་པའི་ཉེ་འཁོར་ཏེ་བསྡོམས་པས་གྲོང་ཁྱེར་གཉིས་ཁོ་རྣམས་ལ་སྤྲད། 26 ཀོ་ཧད་ཀྱི་བུ་རྒྱུད་གཞན་རྣམས་ལ་བསྡོམས་པས་གྲོང་ཁྱེར་བཅུ་དང་དེ་རྣམས་ལ་གཏོགས་པའི་ཉེ་འཁོར་རྣམས་ཡོད་དོ། ། 27 ཡེས་ར་ཨེལ་པས་ཡང་མཱ་ན་ཤེའི་ཚོ་པ་ཕྱེད་ཀའི་ས་སྐལ་ལས་མི་གསོད་ནོར་བྱེད་མཁན་རྣམས་སྐྱབས་བཅོལ་སའི་གྲོང་ཁྱེར་ཏེ་པཱ་ཤན་གྱི་གོ་ལན་དང་དེར་གཏོགས་པའི་ཉེ་འཁོར་ནི་ལེ་ཝི་ཚོ་པའི་གེར་ཤོན་གྱི་རུས་རྒྱུད་རྣམས་ལ་སྤྲད། ཡང་པེ་ཨེས་ཐེ་ར་གྲོང་ཁྱེར་དང་དེར་གཏོགས་པའི་ཉེ་འཁོར་ཏེ་བསྡོམས་པས་གྲོང་ཁྱེར་གཉིས་ཁོ་རྣམས་ལ་སྤྲད། 28 ཡང་ཡེས་སི་ཀཱར་ཚོ་པའི་ས་སྐལ་ལས་ཁིས་ཡོན་དང་དེར་གཏོགས་པའི་ཉེ་འཁོར་དང་། ད་བེ་རད་དང་དེར་གཏོགས་པའི་ཉེ་འཁོར། 29 ཡར་མུད་དང་དེར་གཏོགས་པའི་ཉེ་འཁོར། ཨེན་གན་ནིམ་དང་དེར་གཏོགས་པའི་ཉེ་འཁོར་བཅས་བསྡོམས་པས་གྲོང་ཁྱེར་བཞི་ཁོ་རྣམས་ལ་སྤྲད། 30 ཡང་ཨ་ཤེར་ཚོ་པའི་ས་སྐལ་ལས་མེ་ཤེ་ཨལ་དང་དེར་གཏོགས་པའི་ཉེ་འཁོར་དང་། ཨབ་དོན་དང་དེར་གཏོགས་པའི་ཉེ་འཁོར། 31 ཧེལ་ཁད་དང་དེར་གཏོགས་པའི་ཉེ་འཁོར། རེ་ཧོབ་དང་དེར་གཏོགས་པའི་ཉེ་འཁོར་བཅས་བསྡོམས་པས་གྲོང་ཁྱེར་བཞི་ཁོ་རྣམས་ལ་སྤྲད། 32 ཡང་ནཱབ་ཐ་ལི་ཚོ་པའི་ས་སྐལ་ལས་ག་ལིལ་གྱི་ཀེ་དེ་སི་སྟེ་མི་གསོད་ནོར་བྱེད་མཁན་རྣམས་སྐྱབས་བཅོལ་སའི་གྲོང་ཁྱེར་དང་དེར་གཏོགས་པའི་ཉེ་འཁོར་ནི་ཁོ་ཚོར་སྤྲད་ཅིང་། ཡང་ཧམ་མོད་དོར་དང་དེར་གཏོགས་པའི་ཉེ་འཁོར་དང་། ཁར་ཐཱན་དང་དེར་གཏོགས་པའི་ཉེ་འཁོར་བཅས་བསྡོམས་པས་གྲོང་ཁྱེར་གསུམ་ཁོ་རྣམས་ལ་སྤྲད། 33 གེར་ཤོན་པ་རྣམས་ལ་རུས་རྒྱུད་ལྟར་ཐོབ་པའི་གྲོང་ཁྱེར་ནི་བསྡོམས་པས་བཅུ་གསུམ་དང་དེ་རྣམས་ལ་གཏོགས་པའི་ཉེ་འཁོར་རྣམས་ཡིན། 34 མཱ་རཱ་རེའེ་ཡི་རུས་རྒྱུད་དེ་ལེ་ཝི་པ་གཞན་རྣམས་ལ། ཟེ་བུ་ལུན་ཚོ་པའི་ས་སྐལ་ནས་ཐོབ་པ་ནི། ཡོག་ནེ་ཨམ་དང་དེར་གཏོགས་པའི་ཉེ་འཁོར་དང་། ཁར་ཐ་དང་དེར་གཏོགས་པའི་ཉེ་འཁོར། 35 དིམ་ན་དང་དེར་གཏོགས་པའི་ཉེ་འཁོར། ན་ཧ་ལལ་དང་དེར་གཏོགས་པའི་ཉེ་འཁོར་བཅས་བསྡོམས་པས་གྲོང་ཁྱེར་བཞི་ཡིན། 36 ཡང་རུ་བེན་ཚོ་པའི་ས་སྐལ་ལས་པེ་ཙེར་དང་དེར་གཏོགས་པའི་ཉེ་འཁོར་དང་། ཡ་ཙཱ་དང་དེར་གཏོགས་པའི་ཉེ་འཁོར། 37 ཀེ་དེ་མོད་དང་དེར་གཏོགས་པའི་ཉེ་འཁོར། མེ་ཕཱ་ཨད་དང་དེར་གཏོགས་པའི་ཉེ་འཁོར་བཅས་བསྡོམས་པས་གྲོང་ཁྱེར་བཞི་ཁོ་རྣམས་ལ་སྤྲད། 38 ཡང་གཱ་རྡུ་ཚོ་པའི་ས་སྐལ་ལས་གིལ་ཨད་ཀྱི་རཱ་མོད་དེ་མི་གསོད་ནོར་བྱེད་མཁན་རྣམས་སྐྱབས་བཅོལ་སའི་གྲོང་ཁྱེར་དང་དེར་གཏོགས་པའི་ཉེ་འཁོར་ནི་ཁོ་ཚོར་སྤྲད་ཅིང་། ཡང་མཱ་ཧ་ནཱ་ཡིམ་དང་དེར་གཏོགས་པའི་ཉེ་འཁོར་དང་། 39 ཧེ་སི་པོན་དང་དེར་གཏོགས་པའི་ཉེ་འཁོར། ཡཱ་ཟེར་དང་དེར་གཏོགས་པའི་ཉེ་འཁོར་བཅས་གྲོང་ཁྱེར་བཞི་ཁོ་རྣམས་ལ་སྤྲད། 40 ལེ་ཝི་ཚོ་པའི་མི་གཞན་རྣམས་ཏེ་མཱ་རཱ་རེའེ་ཡི་བུ་རྒྱུད་དག་ལ་རུས་རྒྱུད་ལྟར་རྒྱན་འཕངས་ནས་ཐོབ་པ་ནི་བསྡོམས་པས་གྲོང་ཁྱེར་བཅུ་གཉིས་ཡོད་དོ། ། 41 ལེ་ཝི་པ་རྣམས་ལ་ཡེས་ར་ཨེལ་པ་རྣམས་ཀྱི་ས་སྐལ་ལས་ཐོབ་པའི་གྲོང་ཁྱེར་ནི་བསྡོམས་པས་བཞི་བཅུ་ཞེ་བརྒྱད་དང་དེ་དག་ལ་གཏོགས་པའི་ཉེ་འཁོར་རྣམས་ཡིན། 42 གྲོང་ཁྱེར་དེ་ཐམས་ཅད་ཀྱི་ཉེ་འཁོར་དུ་ས་སྟོང་ཡོད་པ་དང་གྲོང་ཁྱེར་རེ་རེ་དེ་བཞིན་ཡིན་ནོ། །
ཡེས་ར་ཨེལ་པ་རྣམས་ལ་ས་སྐལ་ཐོབ་པ།
43 དེ་བཞིན་དུ་དཀོན་མཆོག་ཡ་ཝཱེས་སྔར་ཁོ་ཚོའི་མེས་པོ་རྣམས་ལ་མནའ་བཞེས་ཏེ་ཞལ་བཞེས་གནང་བའི་ཡུལ་ཐམས་ཅད་ནི་ཡེས་ར་ཨེལ་པ་རྣམས་ལ་གནང་ཞིང་། ཁོ་རྣམས་ལ་ས་སྐལ་དུ་ཐོབ་ནས་དེ་རུ་གནས་སོ། ། 44 དཀོན་མཆོག་ཡ་ཝཱེས་ཁོ་ཚོའི་མེས་པོ་རྣམས་ལ་མནའ་བཞེས་ཏེ་ཞལ་བཞེས་གནང་བའི་བཀའ་ཐམས་ཅད་ལྟར། ཁོ་རྣམས་ཕྱོགས་བཞི་མཚམས་བརྒྱད་ནས་བདེ་བར་བཀོད་དོ། །ཁོ་ཚོའི་དགྲ་བོ་ཐམས་ཅད་ལས་ཁོ་རྣམས་ཀྱི་མདུན་དུ་རང་ཚུགས་ཐུབ་མཁན་གཅིག་ཀྱང་མ་བྱུང་ཞིང་། དཀོན་མཆོག་ཡ་ཝཱེས་དགྲ་བོ་ཐམས་ཅད་ཁོ་རྣམས་ཀྱི་ལག་ཏུ་སྤྲོད་པར་མཛད་དོ། ། 45 དཀོན་མཆོག་ཡ་ཝཱེས་ཡེས་ར་ཨེལ་ཁྱིམ་རྒྱུད་ལ་བྱིན་རླབས་གནང་བར་ཞལ་བཞེས་གནང་བའི་བཀའ་ཐམས་ཅད་ལས་མ་འགྲུབ་པ་གཅིག་ཀྱང་མེད་པར། ཐམས་ཅད་དོན་ཐོག་ཏུ་འཁེལ་ཏོ། །