ལེའུ་ཉེར་གསུམ་པ།
ཡོ་ཤུ་ཨའི་ཞལ་ཆེམས།
དཀོན་མཆོག་ཡ་ཝཱེས་ཡེས་ར་ཨེལ་པ་རྣམས་བདེ་བར་བཀོད་ཅིང་། མཐའ་འཁོར་གྱི་དགྲ་ཐམས་ཅད་བར་དུ་འཐབ་མོ་མེད་པར་དུས་ཡུན་རིང་པོ་སོང་བ་དང་། ཡོ་ཤུ་ཨ་ལོ་ན་རྒས་པས། ཡེས་ར་ཨེལ་པ་རྣམས་ཀྱི་རྒན་པོ་དང་ཚོ་དཔོན། ཁྲིམས་དཔོན། འགོ་དཔོན་བཅས་ཐམས་ཅད་བོས་འོངས་ནས་ཁོ་རྣམས་ལ་ན་རེ། ང་རང་ལོ་ན་རྒས་ཟིན་ཏེ། ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་ཁྱོད་རྣམས་ཀྱི་ཆེད་དུ་རྒྱལ་ཁམས་འདི་མཐའ་དག་ལ་དོན་གང་ཞིག་མཛད་པ་ཐམས་ཅད་ཁྱོད་ཅག་གིས་དངོས་སུ་མཐོང་བ་སྟེ། ཁྱོད་རྣམས་ཀྱི་ཕྱིར་འཐབ་མཁན་ནི་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེ་ལགས་པས་སོ། ། བདག་གིས་མེད་པར་བཟོས་པ་དང་ཤུལ་དུ་ལུས་པའི་རྒྱལ་ཁམས་སོ་སོ་ནི། ཡོར་དན་གཙང་པོ་ནས་ཉི་མ་ནུབ་མཚམས་ཀྱི་རྒྱ་མཚོ་ཆེན་པོའི་བར་དུ། བདག་གིས་རྒྱན་འཕངས་ནས་ཁྱོད་ཚོའི་ཚོ་པ་རྣམས་ལ་ས་སྐལ་དུ་བགོས་ཟིན་ཏོ། ། ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་ཁོ་ཚོ་ཁྱོད་རྣམས་ཀྱི་མདུན་ནས་ཕྱིར་སྐྲོད་པ་དང་། ཁོ་ཚོ་ཁྱོད་རྣམས་དང་འབྲལ་བར་མཛད་ངེས་པས། ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་ཇི་ལྟར་ཞལ་བཞེས་གནང་བ་བཞིན་ཁོ་ཚོའི་ཡུལ་རྣམས་ཁྱོད་ཚོ་ལ་ས་སྐལ་དུ་འཐོབ་ངེས་ཡིན། དེའི་ཕྱིར་ཁྱོད་རྣམས་ཀྱིས་དཔའ་སེམས་བསྐྱེད་དེ། ཕྱོགས་འཛོལ་ཅི་ཡང་མེད་པར་མོ་ཤེའི་བཀའ་ཁྲིམས་སུ་བཀོད་པའི་བཀའ་ཐམས་ཅད་བརྩི་སྲུང་ནན་མོ་བྱེད་དགོས། ཁྱོད་ཚོའི་ཁྲོད་དུ་ལུས་པའི་མི་འདི་རྣམས་ལ་འདྲེ་བར་མི་བྱ་ཞིང་། ཁོ་ཚོའི་ལྷ་རྣམས་ཀྱི་མིང་གླེང་མི་རུང་བ་དང་། དེ་དཔང་དུ་བཙུགས་ནས་མནའ་བསྐྱལ་མི་རུང་ལ། དེར་ཞབས་ཏོག་བསྒྲུབ་པ་དང་ཕྱག་འཚལ་བར་ཡང་མི་རུང་ངོ་། ། ཁྱོད་རྣམས་ཀྱིས་ད་ལྟའི་བར་དུ་ཇི་ལྟར་བྱས་པ་བཞིན་དུ། ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེ་ལ་རྩེ་གཅིག་གིས་བརྟེན་དགོས་ཏེ། ཅི་ལ་ཟེར་ན། དཀོན་མཆོག་ཡ་ཝཱེས་མི་མང་སྟོབས་དང་ལྡན་པ་རྣམས་ཁྱོད་ཅག་གི་མདུན་ནས་ཕྱིར་བསྐྲད་པ་དང་། ད་ལྟའི་བར་དུ་ཁྱོད་རྣམས་ཀྱི་མདུན་དུ་ཚུགས་ཐུབ་མཁན་གཅིག་ཀྱང་མེད་དོ། ། 10 ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་ཞལ་བཞེས་གནང་བ་བཞིན་དུ་ཁྱོད་རྣམས་ཀྱི་ཕྱིར་འཐབ་མོ་མཛད་པས། ཁྱོད་མི་གཅིག་གིས་མི་སྟོང་བདའ་འདེད་བྱེད་པར་འགྱུར། 11 ཁྱོད་རྣམས་ཀྱིས་ལྷག་ཏུ་གཟབ་གཟབ་ངང་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེ་གཅེས་སུ་འཛིན་དགོས། 12 གལ་ཏེ་ཁྱོད་རྣམས་ཕར་འཁོར་ནས་ཁྱོད་རྣམས་ཀྱི་ཁྲོད་དུ་ལུས་པའི་མི་འདི་དག་དང་འབྲེལ་ཞིང་ཕན་ཚུན་གཉེན་སྒྲིག་པ་དང་། ཕན་ཚུན་འགྲོ་འོང་བྱས་ན། 13 ཁྱོད་ཚོས་གསལ་པོར་ཤེས་དགོས་པ་ཞིག་ལ། ཁྱོད་ཚོའི་དཀོན་མཆོག་ཡ་ཝཱེས་ཁོ་རྣམས་ཁྱོད་ཚོའི་མདུན་ནས་ཕྱིར་སྐྲོད་པར་མི་འགྱུར་ལ། དེ་ལས་ལྡོག་སྟེ་ཁྱོད་རྣམས་ཡ་ཝཱེས་ཁྱོད་ཅག་ལ་གནང་བའི་ཡུལ་བཟང་པོ་འདི་ནས་མེད་པར་འགྲོ་བའི་བར་དུ། ཁོ་ཚོ་ནི་ཁྱོད་ཅག་གི་དྲ་རྒྱ་དང་རྙི་རྒྱ། རྩིབ་རུས་སྟེང་གི་རྟ་ལྕགས། མིག་ནང་གི་ཚེར་མ་བཅས་སུ་འགྱུར་ངེས་ཡིན། 14 ད་ལྟ་ང་རང་འཇིག་རྟེན་པ་ཀུན་གྱི་འགྲོ་ལུགས་ལྟར་འགྲོ་དགོས་བྱུང་། ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་ལ་བྱིན་རླབས་གནང་བའི་ཞལ་བཞེས་ཀྱི་གསུང་ནི། བཀའ་གཅིག་ཀྱང་དོན་མེད་དུ་མ་གྱུར་བར་ཐམས་ཅད་ཁྱོད་ཚོའི་སྟེང་འགྲུབ་པ་དེ་ཁྱོད་ཅག་གིས་ཡིད་སེམས་ཀུན་ནས་ཤེས་སོ། ། 15 ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེས་ཞལ་བཞེས་གནང་བའི་བྱིན་རླབས་ཐམས་ཅད་ཇི་ལྟར་ཁྱོད་རྣམས་ལ་ཐོབ་པ་བཞིན། ཁྱོད་རྣམས་རང་གི་དཀོན་མཆོག་ཡ་ཝཱེས་གནང་བའི་ཡུལ་བཟང་པོ་འདི་ནས་མེད་པར་གཏོང་བའི་བར་དུ། དཀོན་མཆོག་ཡ་ཝཱེས་བགེགས་བར་ཆད་སྣ་ཚོགས་ཀྱང་དེ་བཞིན་དུ་ཁྱོད་རྣམས་ཀྱི་སྟེང་དུ་འབྱུང་བར་མཛད་ངེས་ལ། 16 གལ་ཏེ་ཁྱོད་རྣམས་རང་གི་དཀོན་མཆོག་ཡ་ཝཱེས་ཁྱོད་ཚོ་ལ་བསྲུང་བར་བསྒོས་པའི་ཞལ་ཆད་དང་འགལ་ཏེ་ལྷ་གཞན་པར་བསྙེན་བཀུར་བྱས་ནས་དེར་ཕྱག་བཙལ་ན། དཀོན་མཆོག་ཡ་ཝཱེ་ཁྱོད་རྣམས་ལ་ཐུགས་ཁྲོ་ཞིང་ཁྱོད་རྣམས་ཁོང་གིས་གནང་བའི་ཡུལ་བཟང་པོ་ནས་མྱུར་བ་མྱུར་དུ་མེད་པར་མཛད་ངེས་ཡིན་ཞེས་སྨྲས་སོ། །