ལེའུ་བཅོ་བརྒྱད་པ།
ལོག་གཡེམ་འགོག་པའི་ཁྲིམས།
དེ་ནས་ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། ཁྱོད་ཀྱིས་ཡེས་ར་ཨེལ་པ་རྣམས་ལ་འདི་ལྟར་སྒོས་ཤིག བདག་ནི་ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེ་ཡིན། ཁྱོད་རྣམས་སྔར་འདུག་སའི་ཨེ་ཅིབ་ཡུལ་གྱི་མི་རྣམས་ཀྱི་སྤྱོད་པ་བཞིན་དུ་བྱེད་མི་རུང་བ་དང་། བདག་གིས་ཁྱོད་ཅག་ཁྲིད་ནས་འགྲོ་ས་ཀ་ན་ཨན་ཡུལ་གྱི་མི་རྣམས་ཀྱི་སྤྱོད་པ་བཞིན་དུ་ཡང་བྱེད་མི་རུང་ལ། དེ་དག་གི་སྒྲིག་ཁྲིམས་བཞིན་དུ་ཡང་སྤྱོད་མི་རུང་ངོ་། ། ཁྱོད་རྣམས་ཀྱིས་བདག་གི་སྲོལ་ཡིག་ལྟར་བྱེད་པ་དང་། བདག་གི་སྒྲིག་ཁྲིམས་རྣམས་བརྩི་སྲུང་བྱེད་དགོས་ཤིང་། བདག་ནི་ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེ་ཡིན། བདག་གི་སྒྲིག་ཁྲིམས་དང་སྲོལ་ཡིག་རྣམས་ནན་བསྲུང་བྱས་ན། མི་དེའང་དེ་ལ་བརྟེན་ནས་སྲོག་འཚོ་བར་འགྱུར། བདག་ནི་ཡ་ཝཱེ་ཡིན་ནོ། ། སུ་ཡིན་ཡང་རང་གི་གཉེན་ཉེའི་གམ་དུ་བཅར་ནས་དེའི་ཁོག་སྨད་གཅེར་བུར་འཕུད་མི་རུང་། བདག་ནི་ཡ་ཝཱེ་ཡིན་ནོ། ། ཁྱོད་ཀྱིས་རང་གི་ཕ་ལ་གཏོགས་པའི་ལུས་པོ་སྟེ་ཁྱོད་ཀྱི་མ་ཡི་ཁོག་སྨད་གཅེར་བུར་འཕུད་མི་རུང་སྟེ། ཁོ་མོ་ནི་ཁྱོད་ཀྱི་མ་ཡིན་པའི་ཕྱིར་དེའི་ཁོག་སྨད་གཅེར་བུར་འཕུད་མི་རུང་ངོ་། ། ཁྱོད་ཀྱིས་ཕ་ཡི་ཆུང་མ་གཅེར་བུར་འཕུད་མི་རུང་། མོའི་ལུས་གཅེར་བུ་དེ་ཁྱོད་ཀྱི་ཕ་ལ་གཏོགས་པ་ཡིན་ནོ། ། ཁྱོད་ཀྱི་ལྕམ་སྲིང་སྟེ། ཁྱོད་ཀྱི་ཕ་ཡི་བུ་མོ་དང་མ་ཡི་བུ་མོ་ཁྱིམ་ནས་སྐྱེས་པའམ་ཕྱི་ནས་སྐྱེས་པ་གང་ཡིན་ཡང་། དེ་དག་གི་ཁོག་སྨད་གཅེར་བུར་འཕུད་མི་རུང་ངོ་། ། 10 ཁྱོད་ཀྱི་བུ་ཡི་བུ་མོའམ་བུ་མོའི་བུ་མོ་ཡི་ཁོག་སྨད་གཅེར་བུར་འཕུད་མི་རུང་སྟེ། ཅི་ལ་ཞེ་ན། དེ་དག་གི་ཁོག་སྨད་གཅེར་བུར་ཕུད་པ་ནི་ཁྱོད་ཀྱི་ངོ་ཚ་ཡིན་ནོ། ། 11 ཕ་ཡི་ཆུང་མས་བཙས་པའི་བུ་མོ་ནི་ཁྱོད་ཀྱི་ལྕམ་སྲིང་ཡིན་པས། ཁྱོད་ཀྱིས་ཁོ་མོའི་ཁོག་སྨད་གཅེར་བུར་མ་ཕུད་ཅིག 12 ཁྱོད་ཀྱི་ཕ་ཡི་སྲིང་མོའི་ཁོག་སྨད་གཅེར་བུར་འཕུད་མི་རུང་སྟེ། དེ་ནི་ཁྱོད་ཀྱི་ཕ་ཡི་ཤ་ཁྲག་ཡིན་པའོ། ། 13 ཁྱོད་ཀྱི་མ་ཡི་ལྕམ་སྲིང་གི་ཁོག་སྨད་གཅེར་བུར་འཕུད་མི་རུང་སྟེ། དེ་ནི་ཁྱོད་ཀྱི་མ་ཡི་ཤ་ཁྲག་ཡིན་པའོ། ། 14 ཁྱོད་ཀྱི་ཁུ་བོར་དབང་བའི་ཁོག་སྨད་གཅེར་བུར་འཕུད་པའམ་དེའི་ཆུང་མའི་ཉེ་སར་བཅར་མི་རུང་སྟེ། ཁོ་མོ་ནི་ཁྱོད་ཀྱི་ཨ་ནེ་ཡིན་པའོ། ། 15 ཁྱོད་ཀྱི་མནའ་མའི་ཁོག་སྨད་གཅེར་བུར་འཕུད་མི་རུང་སྟེ། དེ་ནི་ཁྱོད་ཀྱི་བུ་ཡི་ཆུང་མ་ཡིན་པས་དེའི་ཁོག་སྨད་གཅེར་བུར་འཕུད་མི་རུང་། 16 ཁྱོད་ཀྱི་སྤུན་གྱི་ཆུང་མའི་ཁོག་སྨད་གཅེར་བུར་འཕུད་མི་རུང་སྟེ། དེ་ནི་ཁྱོད་ཀྱི་སྤུན་ལ་དབང་བའི་ཁོག་སྨད་ཡིན་ནོ། ། 17 བུད་མེད་ཅིག་དང་དེའི་བུ་མོ་གཉིས་ཀྱི་ཁོག་སྨད་གཅེར་བུར་འཕུད་མི་རུང་ལ། ཡང་དེའི་བུ་ཡི་བུ་མོའམ་བུ་མོའི་བུ་མོ་གཉིས་ཀྱི་ཁོག་སྨད་གཅེར་བུར་འཕུད་མི་རུང་སྟེ། དེ་དག་ནི་ཉེ་འབྲེལ་ཡིན་པ་དང་། དེ་ནི་དོན་ངན་པ་ཡིན་ནོ། ། 18 ཁྱོད་ཀྱི་ཆུང་མ་ད་དུང་གསོན་པའི་དུས་སུ། ཁྱོད་ཀྱིས་ཁོ་མོའི་འགྲན་ཟླ་རུ་དེའི་ལྕམ་སྲིང་གཞན་ཞིག་ཆུང་མར་བླངས་ནས། ཁོ་མོའི་ལྕམ་སྲིང་གི་ཁོག་སྨད་གཅེར་བུར་འཕུད་མི་རུང་ངོ་། ། 19 ཟླ་མཚན་འབབ་དུས་ཀྱི་བུད་མེད་མི་གཙང་བའི་ཉེ་སར་བཅར་ནས་ཁོ་མོའི་ཁོག་སྨད་གཅེར་བུར་འཕུད་མི་རུང་། 20 ཁྱིམ་མཚེས་ཀྱི་ཆུང་མ་དང་འགྲོགས་ནས་རང་ཉིད་བཙོག་པར་བྱེད་མི་རུང་། 21 ཁྱོད་ཀྱིས་རང་གི་བུ་དང་བུ་མོ་རྣམས་མོ་ལེག་ལ་མེ་མཆོད་དུ་འབུལ་མི་རུང་ལ། ཁྱོད་ཀྱི་དཀོན་མཆོག་གི་མཚན་ཡང་ཁྱད་དུ་གསོད་མི་རུང་སྟེ། བདག་ནི་ཡ་ཝཱེ་ཡིན་ནོ། ། 22 བུད་མེད་དང་ལུས་འབྲེལ་བྱེད་པའི་ཚུལ་བཞིན་དུ་སྐྱེས་པ་དང་ལུས་འབྲེལ་བྱེད་མི་རུང་སྟེ། དེ་ནི་སྐྱུག་བྲོ་བའི་བྱ་སྤྱོད་ཡིན། 23 སེམས་ཅན་དུད་འགྲོ་དང་འཁྲིག་པ་སྤྱད་དེ་རང་ཉིད་བཙོག་པར་བྱེད་མི་རུང་ལ། བུད་མེད་ཀྱང་སེམས་ཅན་དུད་འགྲོའི་མདུན་དུ་ལངས་ནས་དེ་དང་འཁྲིག་པ་སྤྱོད་མི་རུང་། དེ་ནི་ཕྱིན་ཅི་ལོག་པ་ཡིན་ནོ། ། 24 དོན་འདི་ཐམས་ཅད་ཀྱི་ཐད་ནས་ཁྱོད་རྣམས་ཀྱིས་རང་ཉིད་བཙོག་པར་བྱེད་མི་རུང་སྟེ། ཅི་ལ་ཞེ་ན། བདག་གིས་ཁྱོད་ཅག་གི་མདུན་ནས་ཕར་བསྐྲད་པའི་མི་རྣམས་ཀྱིས་དོན་འདི་མཐའ་དག་གི་ཐད་རང་ཉིད་བཙོག་པར་བཟོས་པའོ། ། 25 ཐ་ན་ཡུལ་དེའང་སྦགས་པ་ཡིན་པས་བདག་གིས་ཡུལ་དེའི་ནག་ཉེས་ལ་ཆད་པ་བཅད་ཅིང་། ཡུལ་དེས་རང་གི་ཡུལ་མི་རྣམས་སྐྱུག་པའོ། ། 26 འོན་ཀྱང་ཁྱོད་ཅག་གིས་བདག་གི་སྒྲིག་ཁྲིམས་དང་སྲོལ་ཡིག་རྣམས་བསྲུང་དགོས་ཤིང་། གཞིས་སྐྱེས་སམ་ཁྱོད་ཅག་ཁྲོད་དུ་གནས་པའི་བྱེས་པ་རྣམས་སུ་ཡིན་ཡང་། སྐྱུག་བྲོ་བའི་དོན་དེ་ལྟ་བུ་ཅི་ཡང་བྱེད་མི་རུང་། 27 ཁྱོད་ཅག་གི་སྔོན་དུ་ཡུལ་དེར་གནས་པའི་ཡུལ་མི་རྣམས་ཀྱིས་སྐྱུག་བྲོ་བའི་དོན་དེ་ཐམས་ཅད་བྱས་པས་ཡུལ་དེ་སྦགས་པའོ། ། 28 ཁྱོད་ཀྱིས་དེ་ལྟར་གནས་དེ་མི་གཙང་བར་བཟོས་ན། ཁྱོད་ཀྱི་སྔོན་དུ་ཡོད་པའི་མི་རྣམས་ཡུལ་གྱིས་སྐྱུག་བྲོ་བར་བཟོས་པ་ལྟར། ཁྱོད་རང་སྐྱུག་བྲོ་བར་མི་འགྱུར་བའི་ཕྱིར་དུའོ། ། 29 སུ་ཡིན་ཡང་སྐྱུག་བྲོ་བའི་དོན་དེ་རྣམས་ལས་གཅིག་བྱས་ན། དེ་ནི་མི་མང་ལས་མེད་པར་གཏོང་དགོས། 30 ཁྱོད་རྣམས་ཀྱིས་སྐྱུག་བྲོ་བའི་གོམས་སྲོལ་དེ་དག་ལ་བསྟུན་ནས། ཁྱོད་ཅག་སྔོན་གྱི་མི་རྣམས་ཀྱིས་ཅི་ཞིག་བྱས་པ་བཞིན་སྤྱད་དེ་རང་ཉིད་བཙོག་པར་མི་བྱ་བའི་ཆེད་དུ། བདག་གི་བསྒོ་བ་རྣམས་བསྲུང་དགོས་ཏེ། བདག་ནི་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེ་ཡིན་ཞེས་སྨྲ་དགོས་པར་བཀའ་བསྩལ་ཏོ། །