ལེའུ་བཅུ་པ།
དུང་འབུད་པའི་སྒྲིག་སྲོལ།
1 དེ་ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། 2 ཁྱོད་ཀྱིས་དངུལ་གྱི་དུང་གཉིས་ཐོ་བས་བརྡུངས་ནས་བཟོ་དགོས་པ་དང་། དེ་ནི་མི་ཚོགས་ལ་འབོད་བརྡ་གཏོང་བ་དང་སྒར་ཕབ་ནས་ལམ་ལ་ཆས་སུ་འཇུག་པར་སྤྱད་ཆོག 3 དུང་དེ་གཉིས་ཀ་བུས་ཚེ། མི་ཚོགས་ཡོངས་རྫོགས་ཁྱོད་ཀྱི་གམ་དུ་མཇལ་འཕྲད་གུར་མཆོག་གི་སྒོ་ཁ་རུ་འཛོམ་དགོས། 4 གལ་སྲིད་དུང་གཅིག་ཁོ་ན་བུས་ཚེ། འགོ་དཔོན་རྣམས་ཏེ་ཡེས་ར་ཨེལ་གྱི་སྟོང་དཔོན་ཐམས་ཅད་ཁྱོད་ཀྱི་དྲུང་དུ་འཛོམ་དགོས། 5 ཁྱོད་ཅག་གིས་དུང་སྐད་ཆེན་པོར་བུས་ཚེ། ཤར་ཕྱོགས་སུ་ཡོད་པའི་སྒར་ཐམས་ཅད་ལམ་དུ་ཆས་དགོས། 6 ཁྱོད་ཅག་གིས་དུང་སྐད་ཆེན་པོ་ལན་གཉིས་པར་བུས་པ་ན། ལྷོ་ཕྱོགས་སུ་ཡོད་པའི་སྒར་ཐམས་ཅད་ལམ་དུ་ཆས་དགོས། སྒར་རྣམས་ལམ་ལ་ཆས་པར་དུང་སྐད་ཆེན་པོར་འབུད་དགོས། 7 འོན་ཀྱང་མི་ཚོགས་བསྡུ་བའི་དུས་སུ་ཁྱོད་ཅག་གིས་དུང་འབུད་དགོས་ཀྱང་དེ་སྐད་ཆེན་པོར་འབུད་མི་དགོས། 8 ཨ་རོན་གྱི་བུ་རྒྱུད་དེ་མཆོད་དཔོན་རྣམས་ཀྱིས་དུང་འབུད་དགོས་པ་དང་། དེ་ནི་ཁྱོད་རྣམས་མི་རབས་ནས་མི་རབས་བར་གྱི་དུས་གཏན་གྱི་སྒྲིག་ཁྲིམས་ཡིན་ནོ། ། 9 ཁྱོད་ཅག་གིས་ཡུལ་དེར་ཁྱོད་རྣམས་ལ་གཉའ་གནོན་བྱེད་པའི་དགྲ་དང་འཐབ་པའི་སྐབས་སུ། དུང་སྐད་ཆེན་པོར་བུས་དང་། ཁྱོད་རྣམས་ནི་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ཐུགས་སུ་དྲན་པ་དང་། ཁྱོད་རྣམས་ཀྱི་དགྲ་དག་ལས་ཀྱང་ཐར་བར་མཛད་པར་འགྱུར། 10 དེ་མིན་ཁྱོད་རྣམས་སྐྱིད་པའི་ཉིན་མོ་དང་གཏན་ལ་ཁེལ་བའི་དུས་ཆེན་རྣམས་དང་། གནམ་གང་བཅས་ཀྱི་དུས་སུ། ཁྱོད་ཅག་གིས་སྦྱིན་སྲེག་དང་ཞི་བདེའི་མཆོད་པ་རྣམས་འབུལ་དུས་སུ་དུང་འབུད་དགོས། དེ་ཐམས་ཅད་ཁྱོད་རྣམས་ཀྱི་དཀོན་མཆོག་གི་སྤྱན་སྔར་ཁྱོད་ཅག་ལ་དྲན་རྟེན་དུ་འགྱུར་ཞིང་། བདག་ནི་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེ་ཡིན་ཞེས་གསུངས་སོ། །
ཡེས་ར་ཨེལ་པ་རྣམས་རི་བོ་སི་ནཱ་ནས་ཐོན་པ།
11 ལོ་གཉིས་པའི་ཟླ་གཉིས་པའི་ཚེས་ཉི་ཤུ་ཉིན་ལ། སྤྲིན་དཔང་པོའི་གུར་མཆོག་གི་སྟེང་ནས་ཡར་བཏེགས་པའི་དུས་སུ། 12 ཡེས་ར་ཨེལ་པ་རྣམས་སི་ནཱ་དབེན་སྟོང་ནས་ལམ་དུ་ཆས་པ་ན། སྤྲིན་ཕཱ་རན་དབེན་སྟོང་དུ་བཞུགས་སོ། ། 13 དེ་ནི་དཀོན་མཆོག་ཡ་ཝཱེས་མོ་ཤེ་བརྒྱུད་ནས་གནང་བའི་བཀའ་བཞིན་དུ་ཁོ་རྣམས་དང་པོར་ལམ་དུ་ཆས་པ་ཡིན། 14 ཡ་ཧུ་དཱ་པ་རྣམས་ཀྱི་སྒར་ཁའི་དར་ཆེན་ནི་རང་གི་དམག་དཔུང་བཞིན་ཐོག་མར་ལམ་དུ་ཆས་པ་དང་། དམག་དཔུང་དེའི་འགོ་གཙོ་ནི་ཨ་མི་ནཱ་དབ་ཀྱི་བུ་ནཱ་སོན་ཡིན་པ་དང་། 15 ཡེས་སི་ཀཱར་ཚོ་པའི་དམག་དཔུང་གི་འགོ་གཙོ་ནི་ཙུ་ཨར་གྱི་བུ་ནེ་ཐན་ཨེལ་ཡིན་ལ། 16 ཟེ་བུ་ལུན་ཚོ་པའི་དམག་དཔུང་གི་འགོ་གཙོ་ནི་ཧེ་ལོན་གྱི་བུ་ཨེ་ལི་ཨབ་ཡིན་ནོ། ། 17 གུར་མཆོག་མར་ཕབ་རྗེས། གེར་ཤོན་གྱི་བུ་རྒྱུད་དང་མཱ་རཱ་རེའེ་ཡི་བུ་རྒྱུད་རྣམས་ཀྱིས་གུར་མཆོག་ཁུར་ནས་ལམ་དུ་ཆས་པའོ། །
18 རུ་བེན་གྱི་སྒར་ཁའི་དར་ཆེན་ནི་རང་གི་དམག་དཔུང་བཞིན་ལམ་དུ་ཆས་པ་དང་། དེའི་དམག་དཔུང་གི་འགོ་གཙོ་ནི་ཤེ་དེ་ཨུར་གྱི་བུ་ཨེ་ལི་ཚུར་ཡིན་པ་དང་། 19 སི་མུ་ཨོན་ཚོ་པའི་འགོ་གཙོ་ནི་ཙུ་རེ་ཤད་དཱ་ཨིའི་བུ་ཤེ་ལུ་མེ་ཨེལ་ཡིན་ལ། 20 གཱ་རྡུ་ཚོ་པའི་དམག་དཔུང་གི་འགོ་གཙོ་ནི་དི་ཨོ་ཨེལ་གྱི་བུ་ཨེལ་ཡཱ་སབ་ཡིན་ནོ། ། 21 དེ་ནས་ཀོ་ཧད་པ་རྣམས་ཀྱིས་རྫས་དམ་པ་རྣམས་ཁུར་ནས་ལམ་དུ་ཆས་ཤིང་། དེ་དག་མ་འབྱོར་བའི་སྔོན་དུ་སྔར་ཆས་པ་རྣམས་ཀྱིས་གུར་མཆོག་ཕུབ་ཟིན་པའོ། །
22 ཨེ་ཕཱར་ཡིམ་པ་རྣམས་ཀྱི་སྒར་ཁའི་དར་ཆེན་ནི་རང་གི་དམག་དཔུང་བཞིན་ལམ་དུ་ཆས་པ་དང་། དེའི་དམག་དཔུང་གི་འགོ་གཙོ་ནི་ཨམ་མེ་ཧུད་ཀྱི་བུ་ཨེ་ལི་ཤ་མཱ་ཡིན་པ་དང་། 23 མཱ་ན་ཤེ་ཚོ་པའི་དམག་དཔུང་གི་འགོ་གཙོ་ནི་ཕེ་དཱ་ཚུར་གྱི་བུ་གམ་ལི་ཨེལ་ཡིན་ལ། 24 པེན་ཡཱ་མེན་ཚོ་པའི་དམག་དཔུང་གི་འགོ་གཙོ་ནི་གིད་ཨོ་ནཱའི་བུ་ཨ་བི་ཏན་ཡིན་ནོ། །
25 མཇུག་མཐར་དཱན་གྱི་བུ་རྒྱུད་རྣམས་ཀྱི་སྒར་ཁའི་དར་ཆེན་ནི་སྒར་ཐམས་ཅད་ཀྱི་རྒྱབ་སྲུང་བྱས་ནས། རང་གི་དམག་དཔུང་བཞིན་ལམ་དུ་ཆས་པ་དང་། དེའི་དམག་དཔུང་གི་འགོ་གཙོ་ནི་ཨམ་མེ་ཤད་ད་ཨི་ཡི་བུ་ཨ་ཧི་ཨེ་ཟེར་ཡིན་པ་དང་། 26 ཨ་ཤེར་ཚོ་པའི་དམག་དཔུང་གི་འགོ་གཙོ་ནི་ཨོག་རན་གྱི་བུ་ཕཱ་གེ་ཨེལ་ཡིན་ལ། 27 ནཱབ་ཐ་ལི་ཚོ་པའི་དམག་དཔུང་གི་འགོ་གཙོ་ནི་ཨེ་ནན་གྱི་བུ་ཨ་ཧི་རཱ་ཡིན་ནོ། ། 28 དེ་ནི་ཡེས་ར་ཨེལ་པ་རྣམས་ལམ་དུ་ཆས་པའི་སྐབས་སུ། རང་རང་གི་དམག་དཔུང་བཞིན་ལམ་དུ་ཆས་པའི་གོ་རིམ་ཡིན་ནོ། །
29 མོ་ཤེ་ཡིས་རང་གི་སྒྱུག་པོ་སྟེ་མིད༌ཡཱན་པ་རུའུ་ཨེལ་གྱི་བུ་ཧོ་པཱབ་ལ་འདི་ལྟར། རང་ཅག་རྣམས་དཀོན་མཆོག་ཡ་ཝཱེས་ངས་ཁྱོད་རྣམས་ལ་གནང་བར་བྱའོ་ཞེས་གསུངས་པའི་ཡུལ་དེར་འགྲོ་བར་བྱ། ད་ལྟ་ཁྱེད་རང་ང་ཚོ་དང་མཉམ་དུ་འགྲོ་བར་ཞུ། ང་ཚོས་ཁྱེད་ལ་དྲིན་གཟོ་བར་བྱ། གང་ལ་ཞེ་ན། དཀོན་མཆོག་ཡ་ཝཱེས་ཡེས་ར་ཨེལ་པ་རྣམས་ལ་བདེ་སྐྱིད་ཀྱི་ཞལ་བཞེས་གནང་ཡོད་པས་སོ་ཞེས་སྨྲས་པ་ལ། 30 ཧོ་པཱབ་ན་རེ། ང་རང་མི་འགྲོ། ང་ནི་རང་གི་ཡུལ་དང་གཉེན་ཉེའི་གམ་དུ་འགྲོ་བར་བྱ་ཞེས་སྨྲས་སོ། ། 31 དེ་ནས་མོ་ཤེ་ཡིས་འདི་ལྟར། ཁྱེད་རང་ང་ཚོ་དང་མི་འབྲལ་བར་ཞུ། ང་ཚོས་དབེན་སྟོང་དུ་གུར་གང་ནས་ཕུབ་དགོས་པ་ཁྱེད་ཀྱིས་ཤེས་པས། ཁྱེད་ནི་ང་ཚོའི་མིག་ལྟ་བུ་ཡིན། 32 གལ་སྲིད་ཁྱེད་རང་ང་ཚོ་དང་མཉམ་དུ་སོང་ཚེ། ཕྱིས་སུ་དཀོན་མཆོག་ཡ་ཝཱེས་ང་ཚོར་ལེགས་པོ་གང་ཞིག་གནང་བ་ཡིན་ན། ང་ཚོས་ཀྱང་དེ་ཡིས་ཁྱེད་ལ་དྲིན་གཟོ་བར་བྱའོ་ཞེས་སྨྲས་སོ། །
33 ཡེས་ར་ཨེལ་པ་རྣམས་དཀོན་མཆོག་ཡ་ཝཱེའི་རི་ནས་ཆས་ཏེ། ཉིན་གསུམ་གྱི་ལམ་དུ་སོང་བ་དང་། དཀོན་མཆོག་ཡ་ཝཱེའི་ཞལ་ཆད་ཀྱི་ཤུར་སྒམ་ནི་ཉིན་གསུམ་གྱི་ལམ་དུ་བསྐྱོད་ཅིང་ཁོ་རྣམས་ལ་ངལ་གསོ་བའི་གནས་ཤིག་བཙལ་ཏོ། ། 34 ཁོ་རྣམས་ཀྱིས་སྒར་མར་ཕབ་སྟེ་ལམ་དུ་ཆས་པའི་དུས་སུ། ཉིན་མོ་དཀོན་མཆོག་ཡ་ཝཱེའི་སྤྲིན་ཕུང་ནི་དེ་དག་གི་སྟེང་དུ་བཞུགས་པའོ། །
35 ཤུར་སྒམ་ཆས་པའི་ཚེ་ན། མོ་ཤེ་ཡིས་འདི་ལྟར།
ཀྱེ་ཀྱེ་དཀོན་མཆོག་ཡ་ཝཱེ་བཞེངས་སུ་གསོལ། །
ཁྱེད་ཀྱི་དགྲ་རྣམས་ཕྱོགས་བཞིར་འཐོར་བ་དང་། །
ཁྱེད་ལ་སྡང་མཁན་ཁྱེད་དྲུང་འབྲོ་བར་ཤོག །
ཅེས་ཞུས་པ་དང་། 36 ཤུར་སྒམ་བཞུགས་པའི་ཚེ། ཁོས་འདི་ལྟར།
ཀྱེ་ཀྱེ་དཀོན་མཆོག་ཡ་ཝཱེ་ཁྱེད་ཉིད་ཡང་བསྐྱར་ཕེབས་པར་ཤོག །
ཡེས་ར་ཨེལ་པ་སྟོང་ཕྲག་མང་པོའི་དཀྱིལ་དུ་ཕེབས་པར་ཞུ། །
ཞེས་ཞུས་སོ། །