ལེའུ་བཅོ་ལྔ་པ།
ཀ་ན་ཨན་ཡུལ་གྱི་མཆོད་པའི་སྒྲིག་ཁྲིམས།
1 དེ་ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། 2 ཁྱོད་ཀྱིས་ཡེས་ར་ཨེལ་པ་རྣམས་ལ་འདི་ལྟར། ཁྱོད་ཚོ་བདག་གིས་ཁྱོད་རྣམས་གཞིས་ཆགས་པའི་ཕྱིར་གནང་བའི་ཡུལ་དུ་ཕྱིན་པའི་ཚེ། 3 བ་ཁྱུ་དང་ར་ལུག་གི་ཁྱུ་ནས་དཀོན་མཆོག་ཡ་ཝཱེ་ལ་མེ་མཆོད་འབུལ་དགོས་ཤིང་། དེ་ནི་སྦྱིན་སྲེག་གི་མཆོད་པའམ་དམར་མཆོད་གཞན་འབུལ་བ་དང་། དམ་བཅའི་མཆོད་པའམ་ཡིད་མོས་ཀྱི་མཆོད་པ་འབུལ་བ། ཡང་ན་ཁྱོད་ཅག་གི་དུས་ཆེན་རྣམས་ཀྱི་མཆོད་པ་འབུལ་བ་བཅས་གང་ཡིན་ཡང་ཐམས་ཅད་དཀོན་མཆོག་ཡ་ཝཱེ་ལ་དྲི་ཞིམ་གྱི་མཆོད་པར་འབུལ་དགོས། 4 མཆོད་པ་འབུལ་མཁན་གྱིས་ཨེ་ཕཱ་བཅུ་ཆ་གཅིག་གི་ཕྱེ་བཟང་པོ་རྫ་བུམ་གྱི་བཞི་ཆ་གཅིག་གི་སྣུམ་ལ་བསྲེས་པ་ཞིག་དཀོན་མཆོག་ཡ་ཝཱེ་ལ་འབྲུ་རིགས་ཀྱི་མཆོད་པར་འབུལ་དགོས། 5 དེ་མིན་སྦྱིན་སྲེག་གམ་དམར་མཆོད་གཞན་གང་ཡིན་ཡང་། ལུ་གུ་རེའི་ཕྱིར་དུ་ཁྱོད་ཀྱིས་སྐྱེམས་མཆོད་དུ་རྒུན་ཆང་རྫ་བུམ་གྱི་བཞི་ཆ་གཅིག་དེ་དང་མཉམ་དུ་འབུལ་དགོས་པ་དང་། 6 ཡང་ན་ལུག་ཐུག་རེའི་ཕྱིར་དུ་ཁྱོད་ཀྱིས་ཨེ་ཕཱ་བཅུ་ཆ་གཉིས་ཀྱི་ཕྱེ་བཟང་པོ་རྫ་བུམ་གྱི་གསུམ་ཆ་གཅིག་གི་སྣུམ་ལ་བསྲེས་ནས་འབྲུ་རིགས་ཀྱི་མཆོད་པར་འབུལ་དགོས་ལ། 7 ཡང་རྒུན་ཆང་རྫ་བུམ་གྱི་གསུམ་ཆ་གཅིག་སྐྱེམས་མཆོད་དུ་དཀོན་མཆོག་ཡ་ཝཱེ་ལ་དྲི་ཞིམ་གྱི་མཆོད་པར་འབུལ་དགོས་སོ། ། 8 གལ་སྲིད་ཁྱོད་ཀྱིས་གླང་ཐུག་ཅིག་གྲ་སྒྲིག་བྱས་ཏེ་དམ་བཅའ་སྒྲུབ་པའམ། ཡང་ན་ཞི་བདེའི་མཆོད་པ་བྱས་ནས་དཀོན་མཆོག་ཡ་ཝཱེ་ལ་སྦྱིན་སྲེག་གམ་དམར་མཆོད་གཞན་འབུལ་ན། 9 ཨེ་ཕཱ་གསུམ་ཆ་གཅིག་གི་ཕྱེ་བཟང་པོ་རྫ་བུམ་ཕྱེད་ཀའི་སྣུམ་ལ་བསྲེས་ནས་གླང་ཐུག་དང་མཉམ་དུ་འབྲུ་རིགས་ཀྱི་མཆོད་པར་འབུལ་བ་དང་། 10 ཡང་རྒུན་ཆང་རྫ་བུམ་ཕྱེད་ཀ་སྐྱེམས་མཆོད་དུ་དཀོན་མཆོག་ཡ་ཝཱེ་ལ་དྲི་ཞིམ་གྱི་མེ་མཆོད་དུ་འབུལ་དགོས། 11 དེ་ལྟར་གླང་ཐུག་གཅིག་གམ། ཡང་ན་ལུག་ཐུག་གཅིག ཡང་ན་ལུ་གུ་ཕོ་གཅིག ཡང་ན་རེའུ་གཅིག་བཅས་འབུལ་ན་ཐམས་ཅད་དེ་བཞིན་བསྒྲུབ་དགོས། 12 ཁྱོད་ཀྱིས་གྲ་སྒྲིག་བྱས་པའི་གྲངས་ཀ་ལྟར། རེ་རེ་དེ་བཞིན་དུ་བསྒྲུབ་དགོས་སོ། ། 13 གཞིས་སྐྱེས་ཐམས་ཅད་ཀྱིས་དཀོན་མཆོག་ཡ་ཝཱེ་ལ་དྲི་ཞིམ་གྱི་མེ་མཆོད་འབུལ་བའི་ཚེ་དེ་བཞིན་དུ་བསྒྲུབ་དགོས། 14 ཕྱི་མི་ཞིག་ཁྱོད་རྣམས་དང་མཉམ་དུ་སྡོད་པའམ། ཡང་ན་སུ་ཞིག་མི་རབས་ནས་མི་རབས་བར་ཁྱོད་རྣམས་ཀྱི་ཁྲོད་དུ་སྡོད་ཅིང་དཀོན་མཆོག་ཡ་ཝཱེ་ལ་དྲི་ཞིམ་གྱི་མེ་མཆོད་འབུལ་ན། དེས་ནི་ཁྱོད་ཅག་གིས་ཅི་ལྟར་སྒྲུབ་པ་བཞིན་དུ་བསྒྲུབ་དགོས་སོ། ། 15 མི་ཚོགས་ལ་མཚོན་ན། ཁྱོད་ཅག་དང་ཡང་ན་ཁྱོད་ཅག་མཉམ་དུ་སྡོད་པའི་ཕྱི་མི་རྣམས་ཀྱི་སྒྲིག་ཁྲིམས་ནི་གཅིག་མཚུངས་ཡིན་ལ། ཁྱོད་ཅག་མི་རབས་ཀུན་གྱི་དུས་གཏན་གྱི་སྒྲིག་ཁྲིམས་ཡིན། དཀོན་མཆོག་ཡ་ཝཱེའི་དྲུང་དུ་ཁྱོད་ཅག་ཅི་ལྟར་ཡིན་ན་བྱེས་པ་རྣམས་ཀྱང་དེ་ལྟར་ཡིན་དགོས། 16 ཁྱོད་ཅག་དང་ཁྱོད་རྣམས་ཀྱི་ཁྲོད་དུ་གནས་པའི་ཕྱི་མི་ལ་བཀའ་ཁྲིམས་དང་སྲོལ་ཡིག་གཅིག་ཡིན་སྨྲོས་ཤིག་ཅེས་གསུངས་སོ། །
17 དེ་ནས་ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། 18 ཁྱོད་ཀྱིས་ཡེས་ར་ཨེལ་པ་རྣམས་ལ་འདི་ལྟར་ཤོད་དང་། ཁྱོད་རྣམས་བདག་གིས་ཁྱོད་ཚོ་ཁྲིད་ནས་འགྲོ་བའི་ཡུལ་དེར་སླེབས་ནས། 19 ཡུལ་དེའི་ཟས་ཟ་བའི་དུས་སུ་དཀོན་མཆོག་ཡ་ཝཱེ་ལ་འདེགས་མཆོད་འབུལ་དགོས། 20 ཁྱོད་ཅག་གིས་འབྲུ་ཕུད་ཀྱི་གྲོ་ཕྱེ་ཡིས་བག་ལེབ་ཅིག་འདེགས་མཆོད་དུ་འབུལ་དགོས། དེ་ནི་གཡུལ་ཁའི་འདེགས་མཆོད་འབུལ་བ་ནང་བཞིན་འབུལ་དགོས། 21 ཁྱོད་ཅག་མི་རབས་ཀུན་གྱིས་འབྲུ་ཕུད་ཀྱི་གྲོ་ཕྱེ་ནི་དཀོན་མཆོག་ཡ་ཝཱེ་ལ་འདེགས་མཆོད་དུ་འབུལ་དགོས་སོ། །
མ་ཤེས་པར་བྱས་པའི་སྡིག་པ་བླུ་བའི་ཁྲིམས།
22 གལ་སྲིད་ཁྱོད་ཅག་གིས་མ་ཤེས་པར་* མ་ཤེས་པ་ཞེས་པ་ནི་ཡ་ཧུ་དཱའི་སྐད་དུ་ལམ་ནོར་དུ་ཕྱིན་པ་ཞེས་བྲིས་ཡོད།སྡིག་པ་བྱས་ནས། དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་གནང་བའི་བཀའ་ཐམས་ཅད་དེ། 23 དཀོན་མཆོག་ཡ་ཝཱེས་མོ་ཤེ་བརྒྱུད་ནས་ཁྱོད་ཅག་ལ་བཀའ་གནང་བའི་དོན་ཐམས་ཅད། དཀོན་མཆོག་ཡ་ཝཱེས་བཀའ་གནང་བའི་ཉིན་དེ་ནས་བཟུང་ཁྱོད་ཅག་གི་མི་རབས་ནས་མི་རབས་བར་དུ་བསྲུང་མ་ཐུབ་ན། 24 གལ་སྲིད་མ་བསམ་ས་ནས་ནོར་འཛོལ་བྱུང་ཞིང་མི་ཚོགས་ཀྱིས་ཀྱང་མི་ཤེས་ན། མི་ཚོགས་ཡོངས་ཀྱིས་གླང་ཐུག་ཅིག་སྦྱིན་སྲེག་སྟེ། དཀོན་མཆོག་ཡ་ཝཱེ་ལ་དྲི་ཞིམ་གྱི་མཆོད་པར་འབུལ་དགོས་ལ། སྲོལ་ཡིག་ནང་བཞིན་དེའི་འབྲུ་རིགས་ཀྱི་མཆོད་པ་དང་སྐྱེམས་མཆོད་ཀྱང་དེ་དང་མཉམ་དུ་འབུལ་བ་དང་། ཡང་ར་ཕོ་གཅིག་སྡིག་བཤགས་མཆོད་པ་རུ་འབུལ་དགོས་སོ། ། 25 མཆོད་དཔོན་གྱིས་ཡེས་ར་ཨེལ་པ་རྣམས་ཀྱི་མི་ཚོགས་ཡོངས་ཀྱི་ཕྱིར་དུ་སྡིག་བཤགས་བྱེད་དགོས་ཤིང་། དེ་དག་ལ་སྡིག་སེལ་འཐོབ་ངེས་ཡིན། ཅི་ལ་ཟེར་ན། དེ་ནི་མ་བསམ་ས་ནས་བཟོས་པའི་སྡིག་པ་ཞིག་ཡིན་པ་དང་། ཡང་དེ་དག་གིས་རང་གི་མ་བསམ་ས་ནས་བཟོས་པའི་སྡིག་པའི་རྐྱེན་གྱིས། མེ་མཆོད་དང་སྡིག་བཤགས་མཆོད་པ་དཀོན་མཆོག་ཡ་ཝཱེའི་དྲུང་དུ་ཕུལ་བས་སོ། ། 26 ཡེས་ར་ཨེལ་པ་རྣམས་ཀྱི་མི་ཚོགས་དང་དེའི་ཁྲོད་དུ་གནས་པའི་ཕྱི་མི་རྣམས་ལ་སྡིག་སེལ་འཐོབ་ངེས་ཡིན། ཅི་ལ་ཞེ་ན། མི་ཐམས་ཅད་ཀྱིས་མ་བསམ་ས་ནས་སྡིག་པ་བྱས་པའི་ཕྱིར་རོ། །
27 གལ་སྲིད་མི་ཞིག་གིས་མ་ཤེས་པར་སྡིག་པ་བྱས་ན། དེས་ར་མ་ལོ་གཅིག་ཅན་ཞིག་སྡིག་བཤགས་མཆོད་པར་འབུལ་དགོས། 28 མཆོད་དཔོན་གྱིས་མ་ཤེས་པར་སྡིག་པ་བྱེད་མཁན་དེའི་ཕྱིར་དུ་སྡིག་བཤགས་བྱེད་དགོས་ཏེ། མི་དེས་མ་བསམ་ས་ནས་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་སྡིག་པ་བྱས་པས་སོ། །མཆོད་དཔོན་གྱིས་མི་དེའི་ཕྱིར་སྡིག་བཤགས་བྱེད་ཅིང་མི་དེར་སྡིག་སེལ་འཐོབ་ངེས་ཡིན། 29 མ་བསམ་ས་ནས་སྡིག་པ་བྱེད་མཁན་ནི་ཡེས་ར་ཨེལ་པའི་ཁྲོད་ཀྱི་གཞིས་སྐྱེས་སམ་དེ་དག་གི་ཁྲོད་དུ་གནས་པའི་ཕྱི་མི་གང་ཡིན་ཡང་། ཐམས་ཅད་ལ་བཀའ་ཁྲིམས་གཅིག་ཡིན་དགོས། 30 འོན་ཀྱང་བསམ་གཟས་ནས་སྡིག་པ་བྱེད་མཁན་ནི་གཞིས་སྐྱེས་སམ་བྱེས་པ་གང་ཡིན་ཡང་། དཀོན་མཆོག་ཡ་ཝཱེ་ལ་སྐུར་བ་འདེབས་མཁན་མི་དེ་ནི་རང་གི་མི་མང་ནས་འཕུད་དགོས། 31 མི་དེས་དཀོན་མཆོག་ཡ་ཝཱེའི་བཀའ་ལ་མཐོང་ཆུང་བྱས་ཤིང་། ཁོང་གི་བཀའ་དང་འགལ་བས། མི་དེ་ནི་ངེས་པར་འཕུད་དགོས་ཤིང་། ཁོའི་ཉེས་པ་རང་སྟེང་ལ་སྦྱོར་བར་འགྱུར་ཞེས་སྨྲ་དགོས་པར་གསུངས་སོ། །
ངལ་གསོ་བའི་ཉིན་མོ་དང་འགལ་བར་སྲོག་ཆད་གཅོད་པ།
32 ཡེས་ར་ཨེལ་པ་རྣམས་དབེན་སྟོང་དུ་གནས་པ་ལ། མི་ཞིག་གིས་ངལ་གསོ་བའི་ཉིན་མོར་བུད་ཤིང་བཏུས་པ་དང་། 33 ཁོས་བུད་ཤིང་འཐུ་བ་མཐོང་མཁན་རྣམས་ཀྱིས་ཁོ་རང་མོ་ཤེ་དང་ཨ་རོན་དང་མི་ཚོགས་ཡོངས་ཀྱི་མདུན་དུ་ཁྲིད་དོ། ། 34 མི་དེར་ཅི་བྱེད་དགོས་པ་ཐག་གིས་མ་ཆོད་པས་བཀག་ནས་བཞག་གོ །
35 དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། མི་དེ་ངེས་པར་གསོད་དགོས་ཏེ། མི་ཚོགས་ཡོངས་ཀྱིས་སྒར་གྱི་ཕྱི་རོལ་ཏུ་ཁོ་རྡོ་རུབ་བཏང་ནས་གསོད་དགོས་ཞེས་གསུངས་པས། 36 མི་ཚོགས་ཡོངས་ཀྱིས་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་གནང་བའི་བཀའ་བཞིན་དུ། ཁོ་སྒར་གྱི་ཕྱི་རོལ་ཏུ་ཁྲིད་དེ་རྡོ་རུབ་བཏང་ནས་བསད་དོ། །
གོས་ལ་ཙོར་ལོ་འདོགས་པའི་སྒྲིག་སྲོལ།
37 དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། 38 ཁྱོད་ཀྱིས་ཡེས་ར་ཨེལ་པ་རྣམས་ལ་འདི་ལྟར་སྨྲོས་ཤིག ཁོ་ཚོས་མི་རབས་ནས་མི་རབས་བར་དུ་རང་གི་གྱོན་གོས་ཀྱི་སྣེ་མོར་ཙོར་ལོ་འདོགས་དགོས་ལ། ཡང་ཙོར་ལོ་རེའི་སྟེང་དུ་ཐ་གུ་སྔོན་པོ་བཙེམ་དགོས། 39 ཁྱོད་ཚོས་ཙོར་ལོ་མཐོང་མ་ཐག་དཀོན་མཆོག་ཡ་ཝཱེའི་བཀའ་ཐམས་ཅད་དྲན་ཞིང་དེ་བཞིན་དུ་བྱེད་པ་དང་། ཁྱོད་རྣམས་གང་བྱུང་དུ་རྒྱུགས་ནས་ལོག་གཡེམ་སྤྱད་པ་བཞིན་རང་གི་བསམ་ཚུལ་དང་མིག་གི་རྗེས་སུ་མི་འབྲང་བའི་ཕྱིར་དང་། 40 ཁྱོད་རྣམས་ཀྱིས་བདག་གི་བཀའ་ཐམས་ཅད་དྲན་ནས་དེ་བཞིན་བྱེད་པ་དང་། ཡང་ཁྱོད་རྣམས་དཀོན་མཆོག་གི་ཆེད་དུ་དམ་པ་ཡིན་དགོས་སོ། ། 41 བདག་ནི་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེ་ཡིན་ལ། ཁྱོད་ཅག་གི་དཀོན་མཆོག་བྱེད་པའི་ཕྱིར་ཁྱོད་རྣམས་ཨེ་ཅིབ་ཡུལ་ནས་ཕྱི་རོལ་ཏུ་ཁྲིད་འོངས་པ་ཡིན། བདག་ནི་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེ་ཡིན་ནོ་ཞེས་གསུངས་སོ། །