ལེའུ་བཅུ་བདུན་པ།
ཨ་རོན་གྱི་འཁར་བ་ལས་གང་བུ་སྨིན་པ།
1 དེ་ནས་ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། 2 ཁྱོད་ཀྱིས་ཡེས་ར་ཨེལ་པ་རྣམས་ལ་ཁ་བསྒོ་བྱོས་ལ། ཁོ་རྣམས་ལས་འཁར་བ་ལེན་དགོས་ཏེ། ཕ་ཁྱིམ་བཞིན་དུ་ཚོ་པ་རེ་ནས་འཁར་བ་རེ་ལེན་པ་དང་། ཁོ་རྣམས་ཀྱི་འགོ་དཔོན་ཐམས་ཅད་ནས་རང་རང་གི་ཕ་ཁྱིམ་བཞིན་དུ། བསྡོམས་པས་འཁར་བ་བཅུ་གཉིས་བླངས་ནས་སོ་སོའི་སྟེང་དུ་མི་རེ་རེའི་མིང་འགོད་པར་གྱིས། 3 ཡང་ལེ་ཝིའི་འཁར་བའི་སྟེང་ལ་ཨ་རོན་གྱི་མིང་འབྲི་དགོས། ཅི་ལ་ཞེ་ན། ཕ་ཁྱིམ་བཞིན་དུ་ཚོ་དཔོན་རེ་ལ་འཁར་བ་རེ་ཡོད་དགོས་སོ། ། 4 དེ་ནས་ཁྱོད་ཀྱིས་འཁར་བ་དེ་དག་མཇལ་འཕྲད་གུར་མཆོག་ནང་གི་དཔང་མཛད་ཤུར་སྒམ་གྱི་དྲུང་དུ། བདག་ཁྱོད་དང་ཕྲད་པའི་གནས་དེར་འཇོག་དགོས། 5 ངས་འདེམས་སྲིད་པའི་མི་དེའི་འཁར་བ་ལས་མྱུ་གུ་འབུ་བར་འགྱུར། དེ་ནས་ངས་རང་ངོས་ནས་ཡེས་ར་ཨེལ་པ་རྣམས་ཀྱིས་ཁྱོད་ལ་འཁང་ར་བྱེད་པ་མཚམས་འཇོག་ཏུ་འཇུག་ཅེས་གསུངས་སོ། ། 6 དེ་ནས་མོ་ཤེ་ཡིས་ཡེས་ར་ཨེལ་པ་རྣམས་ལ་ཁ་བསྒོ་བཏང་བ་དང་། དེ་དག་གི་འགོ་དཔོན་ཐམས་ཅད་ཀྱིས་འཁར་བ་ཁོ་ལ་སྤྲད་དེ། དེ་དག་གི་ཕ་ཁྱིམ་བཞིན་དུ་འགོ་དཔོན་རེ་ལ་འཁར་བ་གཅིག་རེ་དང་བསྡོམས་པས་འཁར་བ་བཅུ་གཉིས་ཡོད། ཨ་རོན་གྱི་དབྱུག་པའང་དེ་དག་གི་ཁྲོད་དུ་ཡོད་དོ། ། 7 མོ་ཤེ་ཡིས་འཁར་བ་དེ་དག་དཔང་པོའི་གུར་མཆོག་ནང་དཀོན་མཆོག་ཡ་ཝཱེའི་དྲུང་དུ་བཞག་གོ །
8 དེའི་ཕྱི་ཉིན་མོ་ཤེ་དཔང་པོའི་གུར་མཆོག་གི་ནང་དུ་སོང་བ་ན། ཀྱེ་ཧོ། ལེ་ཝི་ཁྱིམ་རྒྱུད་ཀྱི་ཨ་རོན་གྱི་འཁར་བ་ལས་མྱུ་གུ་འབུས་ཤིང་གང་བུ་ཐོན་ནས་མེ་ཏོག་བཞད་པ་དང་སྟར་ཀའི་འབྲས་བུ་ཐོགས་ཡོད་པའོ། ། 9 དེ་ནས་མོ་ཤེ་ཡིས་འཁར་བ་དེ་ཐམས་ཅད་དཀོན་མཆོག་ཡ་ཝཱེའི་དྲུང་ནས་ཕྱི་རོལ་ཏུ་ཁྱེར་འོངས་ནས་ཡེས་ར་ཨེལ་པ་ཐམས་ཅད་ལ་བསྟན་པ་དང་། ཁོ་རྣམས་ཀྱིས་དེ་མཐོང་ནས་མི་རེ་རེས་རང་རང་གི་འཁར་བ་བླངས་སོ། །
10 དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། ཨ་རོན་གྱི་འཁར་བ་དེ་ཕྱིར་དཔང་མཛད་ཤུར་སྒམ་གྱི་དྲུང་དུ་ཞོག་ཅིག དེ་ནི་རྒྱབ་འགལ་བྱེད་མཁན་རྣམས་ལ་རྟགས་ཤིག་ཡིན་ཞིང་། ཡང་ཁོ་རྣམས་འཆི་བར་མི་འགྱུར་བའི་སླད། ཁྱོད་ཀྱིས་དེ་དག་གིས་ང་ལ་འཁང་ར་བྱེད་པ་མཚམས་འཇོག་ཏུ་འཇུག་དགོས་ཞེས་གསུངས་སོ། ། 11 དེ་ནས་མོ་ཤེ་ཡིས་དེ་བཞིན་བྱས་པ་སྟེ། དཀོན་མཆོག་ཡ་ཝཱེས་ཁོ་ལ་ཅི་ལྟར་བཀའ་གནང་བ་ཡིན་ན། ཁོས་ཀྱང་དེ་བཞིན་བསྒྲུབས་སོ། །
12 ཡེས་ར་ཨེལ་པ་རྣམས་ཀྱིས་མོ་ཤེ་ལ། ཀྱེ། ང་ཚོ་འཆི་བར་འགྱུར། ང་ཚོ་མེད་པར་འགྱུར། ང་ཚོ་ཚང་མ་མེད་པར་འགྱུར་རོ། ། 13 དཀོན་མཆོག་ཡ་ཝཱེའི་གུར་མཆོག་གི་ཉེ་སར་ཡོང་མཁན་ཐམས་ཅད་འཆི་བར་ངེས། ངེད་ཅག་ཐམས་ཅད་འཆི་དགོས་སམ་ཞེས་སྨྲས་སོ། །