ལེའུ་སོ་གསུམ་པ།
ཨེ་ཅིབ་ནས་ཡོར་དན་གཙང་པོའི་བར་གྱི་འགྲུལ་སྐྱོད།
1 དེ་ཡང་ཡེས་ར་ཨེལ་པ་རྣམས་རང་གི་དཔུང་སྡེ་བཞིན་དུ། མོ་ཤེ་དང་ཨ་རོན་གཉིས་ཀྱི་ཕྱག་འོག་ནས། ཨེ་ཅིབ་ཡུལ་ནས་ཐོན་རྗེས་ཀྱི་བགྲོད་ལམ་ནི་འདི་ལྟར། 2 མོ་ཤེ་ཡིས་དཀོན་མཆོག་ཡ་ཝཱེའི་བཀའ་ལྟར་ཁོ་ཚོའི་འགྲུལ་སྐྱོད་བྱས་པའི་ལམ་ཐག་རེ་རེ་བཞིན་ཟིན་ཐོར་འགོད་པར་བརྩམས། ཁོ་ཚོའི་འགྲུལ་སྐྱོད་ཀྱི་ལམ་ཐག་རྣམས་ནི་འདི་ལྟ་སྟེ། 3 ཟླ་བ་དང་པོའི་ཚེས་བཅོ་ལྔ་པ་སྟེ་པེ་སག་དུས་ཆེན་གྱི་ཉིན་གཉིས་པར། ཡེས་ར་ཨེལ་པ་རྣམས་རཱ་ཨམ་སེའེ་ནས་ལམ་དུ་ཆས་ཤིང་། ཨེ་ཅིབ་པ་ཐམས་ཅད་ཀྱི་མཐོང་ལམ་ནས་དཔའ་སྟོབས་ཆེན་པོས་ཕྱི་རུ་བསྐྱོད་དོ། ། 4 དེའི་དུས་སུ་ཨེ་ཅིབ་པ་རྣམས་ཀྱིས་རང་གི་སྐྱེས་འགོ་རྣམས་ཏེ། དཀོན་མཆོག་ཡ་ཝཱེས་ཁོ་རྣམས་ཀྱི་ཁྲོད་དུ་བསད་པ་རྣམས་དུར་ལ་འཇུག་པའི་སྒང་ཡིན་ལ། དཀོན་མཆོག་ཡ་ཝཱེས་དེ་དག་གི་ལྷ་རྣམས་ལ་ཡང་ཁྲིམས་ཆད་བཅད་དོ། །
5 ཡེས་ར་ཨེལ་པ་རྣམས་རཱ་ཨམ་སེའེ་ནས་ལམ་དུ་ཆས་པ་དང་སོའུ་ཀོད་དུ་སྒར་བཏབ། 6 སོའུ་ཀོད་ནས་ལམ་དུ་ཆས་པ་དང་། དབེན་སྟོང་གི་མཚམས་སུ་ཡོད་པའི་ཨེ་ཐཱམ་དུ་སྒར་བཏབ། 7 ཨེ་ཐཱམ་ནས་ལམ་དུ་ཆས་པ་དང་། པཱ་ཨལ་ཚཱ་ཕོན་གྱི་མདུན་དུ་ཡོད་པའི་ཕི་ཧཱ་ཧི་རོད་དུ་འཁོར་ཅིང་། མིག་དོལ་གྱི་ཁ་གཏད་དུ་སྒར་བཏབ། 8 དེ་ནས་ཕི་ཧཱ་ཧི་རོད་ནས་ལམ་དུ་ཆས་པ་དང་། རྒྱ་མཚོ་བརྒྱུད་དེ་དབེན་སྟོང་དུ་སླེབས་ཤིང་། ཨེ་ཐཱམ་དབེན་སྟོང་ནས་ཉིན་གསུམ་གྱི་ལམ་དུ་སོང་བ་དང་། མཱ་ར་ལ་སྒར་བཏབ། 9 མཱ་ར་ནས་ལམ་དུ་ཆས་པ་དང་ཨེ་ལིམ་དུ་སླེབས། ཨེ་ལིམ་དུ་ཆུ་མིག་བཅུ་གཉིས་དང་ཏ་ལའི་ཤིང་བདུན་ཅུ་ཡོད་པས་དེ་རུ་སྒར་བཏབ་བོ། ། 10 ཨེ་ལིམ་ནས་ལམ་དུ་ཆས་པ་དང་རྒྱ་མཚོ་དམར་པོའི་འགྲམ་དུ་སྒར་བཏབ། 11 རྒྱ་མཚོ་དམར་པོ་ནས་ལམ་དུ་ཆས་པ་དང་སིན་བྱ་བའི་དབེན་སྟོང་དུ་སྒར་བཏབ། 12 སིན་བྱ་བའི་དབེན་སྟོང་ནས་ལམ་དུ་ཆས་པ་དང་དོབ་ཀཱ་རུ་སྒར་བཏབ། 13 དོབ་ཀཱ་ནས་ལམ་དུ་ཆས་པ་དང་ཨ་ལུས་ཤུ་ལ་སྒར་བཏབ། 14 ཨ་ལུས་ཤུ་ནས་ལམ་དུ་ཆས་པ་དང་རཱ་ཕི་དིམ་ལ་སྒར་བཏབ་ཅིང་། དེ་རུ་མི་ཚོགས་ལ་འཐུང་ཆུ་མེད་པའོ། ། 15 རཱ་ཕི་དིམ་ནས་ལམ་དུ་ཆས་པ་དང་སི་ནཱ་ཡི་དབེན་སྟོང་དུ་སྒར་བཏབ། 16 སི་ནཱ་ཡི་དབེན་སྟོང་ནས་ལམ་དུ་ཆས་ཏེ་ཀིབ་རོད་ཧད་ཐཱ་ཨ་ཝ་ལ་སྒར་བཏབ་བོ། ། 17 ཀིབ་རོད་ཧད་ཐཱ་ཨ་ཝ་ནས་ལམ་དུ་ཆས་པ་དང་ཧ་ཚི་རོད་དུ་སྒར་བཏབ། 18 ཧ་ཚི་རོད་ནས་ལམ་དུ་ཆས་པ་དང་རིད་མཱ་ལ་སྒར་བཏབ། 19 རིད་མཱ་ནས་ལམ་དུ་ཆས་པ་དང་རིམ་མོན་ཕེ་རེལ་ཟི་ལ་སྒར་བཏབ། 20 རིམ་མོན་ཕེ་རེལ་ཟི་ནས་ལམ་དུ་ཆས་པ་དང་ལིབ་ནཱ་རུ་སྒར་བཏབ། 21 ལིབ་ནཱ་ནས་ལམ་དུ་ཆས་པ་དང་རི་སཱ་ལ་སྒར་བཏབ། 22 རི་སཱ་ནས་ལམ་དུ་ཆས་པ་དང་ཀེ་ཧེ་ལཱ་ཐ་རུ་སྒར་བཏབ། 23 ཀེ་ཧེ་ལཱ་ཐ་ནས་ལམ་དུ་ཆས་པ་དང་ཤེ་ཕེར་རི་བོར་སྒར་བཏབ། 24 ཤེ་ཕེར་རི་བོ་ནས་ལམ་དུ་ཆས་པ་དང་ཧ་ར་དཱ་ལ་སྒར་བཏབ། 25 ཧ་ར་དཱ་ནས་ལམ་དུ་ཆས་པ་དང་མག་ཧེ་ལོད་དུ་སྒར་བཏབ། 26 མག་ཧེ་ལོད་ནས་ལམ་དུ་ཆས་པ་དང་ཐ་ཧད་དུ་སྒར་བཏབ། 27 ཐ་ཧད་ནས་ལམ་དུ་ཆས་པ་དང་ཐཱ་ར་ལ་སྒར་བཏབ། 28 ཐཱ་ར་ནས་ལམ་དུ་ཆས་པ་དང་མིད་ཀཱ་རུ་སྒར་བཏབ། 29 མིད་ཀཱ་ནས་ལམ་དུ་ཆས་པ་དང་ཧ་ཤུ་མོ་ནཱ་རུ་སྒར་བཏབ། 30 ཧ་ཤུ་མོ་ནཱ་ནས་ལམ་དུ་ཆས་པ་དང་མོ་སེ་རོད་དུ་སྒར་བཏབ། 31 མོ་སེ་རོད་ནས་ལམ་དུ་ཆས་པ་དང་པེ་ནེ་ཡཱ་ཨ་ཁན་ལ་སྒར་བཏབ། 32 པེ་ནེ་ཡཱ་ཨ་ཁན་ནས་ལམ་དུ་ཆས་པ་དང་ཧོར་ཧག་གིད་གད་དུ་སྒར་བཏབ། 33 ཧོར་ཧག་གིད་གད་ནས་ལམ་དུ་ཆས་པ་དང་ཡོད་པ་ཐཱ་རུ་སྒར་བཏབ། 34 ཡོད་པ་ཐཱ་ནས་ལམ་དུ་ཆས་པ་དང་ཨབ་རོ་ནཱ་རུ་སྒར་བཏབ། 35 ཨབ་རོ་ནཱ་ནས་ལམ་དུ་ཆས་པ་དང་ཨེ་ཙི་ཡོན་གེ་བེར་ལ་སྒར་བཏབ། 36 ཨེ་ཙི་ཡོན་གེ་བེར་ནས་ལམ་དུ་ཆས་པ་དང་ཟིན་གྱི་དབེན་སྟོང་དུ་སྒར་བཏབ་ཅིང་། དེ་ནི་ཀཱ་དེའེ་ཤཱ་ཡིན་ནོ། ། 37 ཀཱ་དེའེ་ཤཱ་ནས་ལམ་དུ་ཆས་པ་དང་ཨེ་དོམ་ཡུལ་ས་མཚམས་ཀྱི་རི་བོ་ཧོར་བྱ་བ་ལ་སྒར་བཏབ་བོ། །
38 ཡེས་ར་ཨེལ་པ་རྣམས་ཨེ་ཅིབ་ཡུལ་ནས་ཐོན་པའི་ལོ་བཞི་བཅུ་པ་དེའི་ཟླ་ལྔ་པའི་ཚེས་དང་པོ་ལ། མཆོད་དཔོན་ཨ་རོན་ནི་དཀོན་མཆོག་ཡ་ཝཱེའི་བཀའ་བཞིན་རི་བོ་ཧོར་ལ་འགོས་ནས་དེར་གྲོངས། 39 ཨ་རོན་རི་བོ་ཧོར་གྱི་སྟེང་དུ་གྲོངས་པའི་དུས་སུ་དགུང་ལོ་བརྒྱ་དང་ཉེར་གསུམ་ཡིན་ནོ། །
40 དེ་ནས་ཀ་ན་ཨན་གྱི་ནེ་གུབ་ཡུལ་དུ་གནས་པའི་རྒྱལ་པོ་ཨ་རད་བྱ་བ་དེས་ཡེས་ར་ཨེལ་པ་རྣམས་འོངས་པ་ཐོས་སོ། །
41 ཡེས་ར་ཨེལ་པ་རྣམས་རི་བོ་ཧོར་ནས་ལམ་དུ་ཆས་པ་དང་ཚལ་མོ་ནཱ་རུ་སྒར་བཏབ། 42 ཚལ་མོ་ནཱ་ནས་ལམ་དུ་ཆས་པ་དང་ཕུའུ་ནོན་དུ་སྒར་བཏབ། 43 ཕུའུ་ནོན་ནས་ལམ་དུ་ཆས་པ་དང་ཨོ་བོད་དུ་སྒར་བཏབ། 44 ཨོ་བོད་ནས་ལམ་དུ་ཆས་པ་དང་མོ་ཨབ་མཐའ་མཚམས་ཀྱི་ཨི་ཡེ་ཨ་བཱ་རིམ་དུ་སྒར་བཏབ། 45 ཨི་ཡིམ་* འདིར་ཨི་ཡིམ་ཞེས་པ་ནི་ཚིག་རྐང་གོང་མའི་ཨི་ཡེ་ཨ་བཱ་རིམ་ཞེས་བྱ་བ་ཡིན།ནས་ལམ་དུ་ཆས་པ་དང་དི་བོན་གཱ་རྡུ་ལ་སྒར་བཏབ། 46 དི་བོན་གཱ་རྡུ་ནས་ལམ་དུ་ཆས་པ་དང་ཨལ་མོན་དིབ་ལཱ་ཐ་ཡིམ་དུ་སྒར་བཏབ། 47 ཨལ་མོན་དིབ་ལཱ་ཐ་ཡིམ་ནས་ལམ་དུ་ཆས་པ་དང་ནེ་བོའི་མདུན་གྱི་ཨ་བཱ་རིམ་རི་བོར་སྒར་བཏབ། 48 ཨ་བཱ་རིམ་རི་བོ་ནས་ལམ་དུ་ཆས་པ་དང་ཡེ་རུ་ཀོའི་ཁ་གཏད་དེ་ཡོར་དན་གཙང་པོའི་འགྲམ་གྱི་མོ་ཨབ་སྤང་ལྗོངས་སུ་སྒར་བཏབ། 49 ཁོ་ཚོས་མོ་ཨབ་སྤང་ལྗོངས་སུ་ཡོར་དན་གཙང་པོའི་འགྲམ་བརྒྱུད་དེ་པེད་ཡེ་ཤི་མོད་ནས་ཨ་བེལ་ཤེ་ཏིམ་བར་དུ་སྒར་བཏབ་བོ། །
50 དེ་ནས་ཡེ་རུ་ཀོ་ཡི་ཁ་གཏད་དེ་ཡོར་དན་གཙང་པོའི་འགྲམ་གྱི་མོ་ཨབ་སྤང་ལྗོངས་སུ་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། 51 ཁྱོད་ཀྱིས་ཡེས་ར་ཨེལ་པ་རྣམས་ལ་འདི་ལྟར་སྨྲོས་ཤིག ཁྱོད་ཅག་ཡོར་དན་གཙང་པོ་བརྒལ་ནས་ཀ་ན་ཨན་ཡུལ་དུ་སླེབས་པའི་ཚེ། 52 ཡུལ་དེར་གནས་པའི་མི་ཐམས་ཅད་ཁྱོད་ཅག་གི་མདུན་ནས་བསྐྲད་དེ། དེ་དག་གི་བརྐོས་པའི་ལྷ་རྟེན་དང་བླུགས་སྐུ་རྣམས་མེད་པར་བྱེད་པ་དང་། དེ་དག་གི་མཐོ་གླིང་རྣམས་བཤིག་པར་གྱིས་ཤིག 53 བདག་གིས་ཡུལ་དེ་ཁྱོད་རྣམས་ལ་ས་སྐལ་དུ་སྤྲད་ཚར་བ་ཡིན་པས། ཁྱོད་ཚོས་ཡུལ་དེ་བདག་གིར་བཟུང་ནས་དེའི་ནང་དུ་གནས་པར་བྱོས། 54 ཁྱོད་ཅག་གིས་ཁྱིམ་རྒྱུད་བཞིན་དུ་རྒྱན་འཕངས་ནས་ཡུལ་དེ་ས་སྐལ་དུ་ལོངས་ཤིག མི་མང་པོ་ཅན་ལ་ས་སྐལ་མང་པོ་སྦྱིན་པ་དང་། མི་ཉུང་ཉུང་ཅན་ལ་ས་སྐལ་ཉུང་ཉུང་སྦྱིན་དགོས། རྒྱན་འཕངས་ནས་ཡུལ་དེ་སུ་ལ་ཐོབ་ན་སུ་ལ་དབང་བར་གྱིས། ཁྱོད་ཅག་གིས་ཕ་མེས་རྣམས་ཀྱི་ཚོ་པ་བཞིན་དུ་ས་སྐལ་ལེན་དགོས་སོ། ། 55 འོན་ཀྱང་ཁྱོད་ཅག་གིས་ཡུལ་དེར་གནས་པ་རྣམས་ཁྱོད་ཅག་གི་མདུན་ནས་མི་སྐྲོད་ན། ཤུལ་དུ་བསྐྱུར་བ་རྣམས་ནི་ཁྱོད་ཅག་གི་མིག་ནང་གི་ཚེར་མ་དང་། ཁྱོད་ཅག་གི་རྩིབ་ལོགས་ཀྱི་ཚེར་ཤིང་ཡིན་ལ། ཁྱོད་ཅག་གནས་པའི་ཡུལ་དུ་ཁྱོད་རྣམས་ལ་གནོད་བསྐྱལ་བར་འགྱུར་རོ། ། 56 བདག་གིས་དེ་དག་ལ་ཅི་ལྟར་བྱེད་པར་བསམས་པ་ཡིན་ན། ཁྱོད་རྣམས་ལའང་དེ་བཞིན་བྱེད་པར་འགྱུར་ཞེས་སྨྲ་དགོས་པར་གསུངས་སོ། །