གསུང་མགུར་སོ་བདུན༌པ།
མི་དྲང་བདེན་དང་མི་ངན་པ་གཉིས་ཀྱི་མཇུག་འབྲས།
1 ༼དཱ་བིད་ཀྱི་མགུར༌མ།༽ མི་ངན་རྐྱེན་གྱིས་འཚིག་པ་ཁྱོད་མ༌ཟ། །སྡིག་སྤྱོད་ཅན་ལ་ཕྲག་དོག་ཀྱང་མ༌བྱེད།། 2 དེ་རྣམས་རྩྭ་ལྟར་མགྱོགས་པོར་བསྐམ་པ༌དང༌། །རྩྭ་སྔོན་བཞིན་དུ་རྙིད་པར་འགྱུར་བ༌ཡིན།། 3 ཡ་ཝཱེར་བརྟེན་ནས་དོན་བཟང་སྤྱོད་དགོས༌ཤིང༌། །ས་སྟེང་གནས་ཤིང་དྲང་བ་ཟས་སུ༌སྤྱོད།། 4 ཡ་ཝཱེའི་ནང་དུ་དགའ་བར་གྱིས་ཤིག༌དང༌། །ཁྱོད་ཀྱི་རེ་འདུན་ཁོང་གིས་གནང་བར༌འགྱུར།། 5 སོ་སོའི་བགྲོད་ལམ་ཡ་ཝཱེར་གཏོད་པ༌དང༌། །ཁོང་ལ་བློ་གཏོད་ཁོང་གིས་བསྒྲུབ་པར༌མཛད།། 6 ཁྱོད་ཀྱི་དྲང་བདེན་སྐྱ་རེངས་ཤར་བ༌དང༌། །དྲང་གཞག་ཉིན་གུང་ཉི་མ་བཞིན་དུ༌མཛད།། 7 ཡ་ཝཱེའི་དྲུང་དུ་ཁ་ཁུ་སིམ་པོར༌སྡོད། །སྡུག་རུས་བསྐྱེད་ནས་ཁོང་ལ་སྒུག་པར༌གྱིས། །དོན་ཀུན་འགྲུབ་ཅིང་བྱུས་ངན་སྒྲུབ་པ༌ཡི། །མི་རྣམས་དབང་གིས་འཚིག་པ་ཁྱོད་མ༌ཟ།། 8 ཁོང་ཁྲོ་བསྐྱུར་ཞིང་གཏུམ་དྲག་སྤང་བར༌གྱིས། །འཚིག་པ་མ་ཟ་དེས་ནི་ངན་པར༌འདྲེན།། 9 སྡིག་སྤྱོད་ཅན་རྣམས་ཚར་གཅོད་བྱེད་པ༌དང༌། །ཡ་ཝཱེར་སྒུག་པ་རྣམས་ལ་ས་གཞི༌འཐོབ།། 10 ཡུད་ཙམ་རྗེས་སུ་མི་ངན་མེད་པར༌འགྱུར། །དེ་རྣམས་སྡོད་སར་བཙལ་ཡང་རྙེད་མི༌འགྱུར།། 11 འོན་ཀྱང་སྙེམས་ཆུང་དག་ལ་ས་གཞི༌འཐོབ། །ཞི་བདེ་ཆེན་པོའི་སྐྱིད་ལ་རོལ་བར༌འགྱུར།། 12 ངན་པས་དྲང་པོར་གནོད་འཚེ་སྐྱེལ་བ༌དང༌། །དེ་ཡི་སྟེང་ལ་ཁོ་ཚོས་སོ་འཆའ༌འོ།། 13 གཙོ་བོས་དེ་ཚོའི་དུས་ནི་སླེབས་གཟིགས༌པས། །དེ་རྣམས་རྐྱེན་གྱིས་ཁོང་ཉིད་བཞད་པར༌མཛད།། 14 སྐྱོ་བོ་དང་ནི་དབུལ་པོ་སར་བསྒྱེལ༌ཞིང༌། །སྤྱད་པ་དྲང་པོར་སྤྱོད་མཁན་གསོད་པའི༌ཆེད། །སྡིག་སྤྱོད་རལ་གྲི་བཏོན་ནས་གཞུ་འཐེན༌ནོ།། 15 དེ་ཚོའི་རལ་གྲིས་རང་གི་སྙིང་བརྟོལ༌ཞིང༌། །མི་དེ་རྣམས་ཀྱི་གཞུ་མོ་གཅོག་པར༌འགྱུར།། 16 སྡིག་སྤྱོད་མང་པོའི་རྒྱུ་ནོར་མོད་པོ༌ལས། །དྲང་བདེན་མི་ལ་ཉུང་ངུ་ཡོད་པས༌ལེགས།། 17 སྡིག་སྤྱོད་མི་ཡི་དཔུང་པ་གཅོག་པར༌འགྱུར། །ཡ་ཝཱེས་དྲང་བདེན་མི་ལ་རོགས་སྐྱོར༌མཛད།། 18 སྐྱོན་བྲལ་མི་ཡི་ཚེ་ཚད་ཡ་ཝཱེས༌མཁྱེན། །དེ་ཚོའི་ནོར་སྐལ་རྟག་ཏུ་གནས་པ༌ཡིན།། 19 དཀའ་སྡུག་དུས་སུ་དེ་དག་སྐྱེངས་པ༌མིན། །མུ་གེའི་དུས་ཀྱང་དེ་དག་འགྲང་བར༌འགྱུར།། 20 ངན་པ་འཇིག་ཅིང་ཡ་ཝཱེའི་དགྲ་བོ༌རྣམས། །རྩྭ་ཁའི་མཛེས་སྡུག་ཇི་བཞིན་མེད་པར༌འགྱུར། །དེ་རྣམས་དུ་བ་བཞིན་དུ་ཡལ་ནས༌འགྲོ།། 21 ངན་པས་བུ་ལོན་གཡར་ནས་མི་འཇལ༌ཡང༌། །དྲང་པོས་གཏོང་ཕོད་ངང་ནས་སྦྱིན་པ༌གཏོང༌།། 22 ཡ་ཝཱེས་བྱིན་རླབས་གནང་བར་ས་གཞི༌འཐོབ། །ཁོང་གིས་དམོད་པ་རྣམས་ནི་རྩ་མེད༌གཏོང༌།། 23 ཁོང་གིས་མི་ཡི་གོམ་པ་བརྟན་པོར༌མཛད། །དེ་ཡི་ལམ་ལ་ཁོང་ནི་ཐུགས་དགྱེས༌སོ།། 24 ཡ་ཝཱེའི་ཕྱག་གིས་ཁོ་རང་སྐྱོར་བས༌ན། །དེ་ནི་རྐང་འདྲེད་ཤོར་ཡང་འགྱེལ་མི༌སྲིད།། 25 དེ་སྔ་གཞོན་ཞིང་ད་ཆ་རྒས༌ན་ཡང་། །དྲང་པོ་སྤངས་ཤིང་དེ་ཡི་རྒྱུད་རྣམས༌ཀྱིས། །བག་ལེབ་སློང་བ་བདག་གིས་མཐོང་མ༌མྱོང༌།། 26 ཉིན་གང་གཏོང་ཕོད་ངང་ནས་བུ་ལོན༌གཏོང༌། །དེ་ཡི་བུ་རྒྱུད་རྣམས་ལ་བྱིན་རླབས༌འཐོབ * འདིར་བྱིན་རླབས་འཐོབ་ཅེས་པ༌ནི་བུ་རྒྱུད་རྣམས་ཀྱང་གཞན་པའི་བྱིན་རླབས་སུ་འགྱུར་བའི་དོན༌ཡིན།།། 27 མི་དགེ་བ་ལས་གཡོལ་ཞིང་བཟང་པོ༌བྱོས། །རྒྱུན་ནས་རྒྱུན་དུ་བདེ་བར་གནས་འགྱུར༌རོ།། 28 ཡ་ཝཱེ་དྲང་གཞག་ལ་ནི་ཐུགས་མཉེས༌ཤིང༌། །ཁོང་གི་དད་ལྡན་རྣམས་ནི་བསྐྱུར་མི༌སྲིད། །ཁོང་གིས་དེ་རྣམས་རྟག་ཏུ་བསྲུང་བ༌དང༌། །སྡིག་སྤྱོད་ཅན་གྱི་བུ་རྒྱུད་གཅོད་པར༌འགྱུར།། 29 དྲང་བདེན་མི་ལ་ས་གཞི་འཐོབ་པ༌དང༌། །རྒྱུན་ནས་རྒྱུན་དུ་དེ་རུ་གནས་པར༌འགྱུར།། 30 དྲང་པོའི་ཞལ་གྱིས་ཤེས་རབ་གླེང་བ༌དང༌། །ལྗགས་ཀྱིས་དྲང་གཞག་གཏམ་རྣམས་གླེང་བར༌མཛད།། 31 སོ་སོའི་དཀོན་མཆོག་ཉིད་ཀྱི་བཀའ་ཁྲིམས༌དེ། །སེམས་ལ་ཡོད་པས་གོམ་པ་འཁྱོར་མི༌སྲིད།། 32 ངན་པས་དྲང་བདེན་མི་ལ་འཇབ་སྒུག༌བྱེད། །དེ་ཡི་ཚེ་སྲོག་ལེན་ཕྱིར་གོ་སྐབས་འཚོལ།། 33 ཡ་ཝཱེས་ངན་པའི་ལག་ཏུ་དེ་མི༌བསྐྱུར། །ཁྲིམས་གཅོད་དུས་ཀྱང་དེ་ལ་ཉེས་འགེལ༌མེད།། 34 ཡ་ཝཱེར་རེ་ཞིང་ཁོང་གི་ལམ་ནང༌འགྲུལ། །ཁྱོད་ལ་ས་གཞི་འཐོབ་ཕྱིར་ཡར་འདེགས༌ཤིང༌། །ངན་པ་ཚར་གཅོད་བྱེད་དུས་ཁྱོད་མཐོང༌འོང༌།། 35 ལྗོན་ཤིང་སྔོན་པོ་རང་སར་རྒྱས་པ༌ལྟར། །ངན་པ་འཇིགས་རུང་དར་བ་ངས་མཐོང༌ཡང༌།། 36 ཁོ་རང་ལམ་སང་འདས་ཤིང་མེད་པར༌གྱུར། །བདག་གིས་ཁོ་རང་བཙལ་ཡང་རྙེད་མ༌བྱུང༌།། 37 ཁྱོད་ཀྱིས་སྐྱོན་བྲལ་མི་ལ་ཞིབ་ཏུ༌ལྟོས། །དྲང་བདེན་མི་ལ་གསལ་པོར་ལྟོས་ཤིག༌དང༌། །ཞི་ཞིང་བདེ་བའི་མི་ལ་རིགས་རྒྱུད༌འབྱུང༌།། 38 འོན་ཀྱང་སྡིག་ཅན་ཐམས་ཅད་ཚར་བར༌འགྱུར། །ངན་པ་དག་གི་རིགས་རྒྱུད་རྩ་མེད༌གཏོང༌།། 39 དྲང་པོའི་ཐར་པ་ཡ་ཝཱེའི་ཕྱོགས་ནས༌འབྱུང༌། །སྐྱོ་དུས་ཁོང་ནི་དེ་ཚོའི་བཙན་རྫོང༌ཡིན།། 40 དེ་རྣམས་ཡ་ཝཱེར་སྐྱབས་སུ་འགྲོ་བས༌ན། །དེ་ཚོར་རོགས་རམ་མཛད་ཅིང་སྐྱོབ་པར༌བྱེད། །སྡིག་སྤྱོད་མི་ལས་སྐྱོབ་ཅིང་ཐར་བར༌མཛད།།
*གསུང་མགུར་སོ་བདུན༌པ།:26 འདིར་བྱིན་རླབས་འཐོབ་ཅེས་པ༌ནི་བུ་རྒྱུད་རྣམས་ཀྱང་གཞན་པའི་བྱིན་རླབས་སུ་འགྱུར་བའི་དོན༌ཡིན།