གསུང་མགུར་ཞེ་གཅིག༌པ།
ན་ཚ་ཕོག་དུས་ཀྱི་གསོལ་འདེབས།
1 ༼དབུ་མཛད་ལ་སྤྲད་པའི་དཱ་བིད་ཀྱི་མགུར༌མ།༽ དབུལ་པོར་ལྟ་སྐྱོང་བྱེད་པའི་མི་དེ༌བདེ། །རྐྱེན་ངན་དུས་སུ་ཡ་ཝཱེས་ཁོ་བསྐྱབ༌འོང༌།། 2 ཡ་ཝཱེས་ཁོ་རང་བསྲུངས་ནས་གསོན་པར༌མཛད། །ས་གཞིའི་སྟེང་དུ་མི་དེ་བདེ་བར༌བརྗོད། །དགྲ་བོར་ཅི་འདོད་བྱེད་པར་ཁོ་མ༌གནང༌།། 3 མལ་སར་ལྷུང་དུས་ཡ་ཝཱེས་ཁོ་སྐྱོང༌ཞིང༌། །ན་བའི་དུས་སུ་ཁྱེད་ཀྱིས་དྲག་སྐྱེད༌གནང༌།། 4 ཀྱེ་ཀྱེ་ཡ་ཝཱེ་བདག་ལ་སྙིང་རྗེས༌གཟིགས། །བདག་གིས་ཁྱེད་ལ་སྡིག་པ་བྱས་པས༌ན། །ང་རང་དྲག་སྐྱེད་གནང་བར་མཛོད་ཅེས༌ཞུས།། 5 ཁོ་ནམ་འཆི་ཞིང་མིང་ནི་མེད་པར༌འགྱུར། །དེ་སྐད་དགྲ་རྣམས་བདག་ལ་གཏམ་ངན༌སྨྲ།། 6 འཕྲད་དུ་འོང་དུས་སྨྲ་བ་རྫུན་གཏམ༌ཡིན། །ཁོས་ནི་རང་གི་སེམས་ནང་གཡོ་སྒྱུ༌གསོག །ཕྱི་རོལ་སླེབས་དུས་དེ་རྣམས་བསྒྲག་པ༌ཡིན།། 7 ང་ལ་སྡང་མཁན་ཀུན་གྱིས་ཤབ་ཤུབ༌བྱེད། །གནོད་པ་བསྐྱལ་ཕྱིར་ངན་ཇུས་བཤམས་ནས༌ནི།། 8 ཁོ་རང་ན་ཚ་ལྗིད་མོས་མནར་བ་དང༌། །མལ་སར་ལྷུང་བས་ནམ་ཡང་མི་ལང༌ཟེར།། 9 ཐ་ན་ང་ཡི་བློས་ཐུབ་མཛའ་གྲོགས་ཏེ། །བདག་དང་མཉམ་དུ་ཁ་ཟས་སྤྱོད་མཁན༌གྱིས། །བདག་ལ་རྐང་པའི་ཕྱི་རྟིང་བསྟན་པ་ཡིན * འདིར་རྐང་པའི་ཕྱི་རྟིང་བསྟན་པ་ཡིན་ཞེས་པ་ནི་ངོ་ལོག་བྱས་པར་འཇུག།། 10 འོན་ཀྱང་ཡ་ཝཱེ་ཁྱེད་ཀྱིས་སྙིང་རྗེ༌མཛོད། །དེ་ཚོའི་དགྲ་ཤ་ལེན་ཕྱིར་ང་བསླང༌རོགས།། 11 དགྲ་བོས་བདག་ལ་རྒྱལ་ཁའི་འུད་མ༌བརྒྱབ། །དེ་བས་ཁྱེད་ཉིད་བདག་ལ་དགྱེས་པ༌ཤེས།། 12 ང་རང་རྣམ་པར་དག་པས་ཁྱེད་ཀྱིས༌བསྐྱོར། །རྒྱུན་དུ་ཁྱེད་དྲུང་འགྲེང་བར་མཛད་པ༌ཡིན།། 13 ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེ༌ལ། །རྟག་ཏུ་བསྟོད་འོས་ཨ་མེན་ཨ་མེན༌བརྗོད།།