གསུང་མགུར་དོན་གཉིས༌པ།
རྒྱལ་པོའི་ཆེད་དུ་ཞུས་པའི་སྨོན་ལམ།
1 ༼སོ་ལོ་མོན་གྱི་མགུར༌མ།༽ དཀོན་མཆོག་ཁྱེད་ཀྱི་དྲང་གཞག་རྒྱལ་པོ༌དང༌། །དྲང་བདེན་རྒྱལ་སྲས་ལ་ནི་གནང་བར༌མཛོད།། 2 དྲང་བདེན་ངང་ནས་ཁྱེད་ཀྱི་མི་རྣམས༌དང༌། །ཁྱེད་ཀྱི་དབུལ་པོར་ཁྲིམས་ཐག་དྲང་གཞག༌གཅོད།། 3 དྲང་བདེན་དབང་གིས་རི་རབ་རི་ཕྲན༌ལས། །མི་རྣམས་ལ་ནི་ཞི་བདེ་འཐོབ་གྱུར༌ཅིག། 4 ཁོང་གིས་མི་རྣམས་ཁྲོད་ཀྱི་སྐྱོ་བོ༌ལ། །དག་འབུད་མཛད་ཅིང་དབུལ་ཕོངས་བུ་ཕྲུག༌སྐྱོབ། །མི་ལ་གཉའ་གནོན་བྱེད་མཁན་རྡུལ་དུ༌བརླག། 5 ཉི་མ་ཟླ་བ་གནས་པའི་དུས་ཡུན༌རིང༌། །མི་རབས་མི་རབས་ཁྱེད་ལ་གུས་ཤིང་འཇིགས།། 6 བརྔས་པའི་རྩྭ་སའི་སྟེང་ལ་ཆར་ཆུ༌དང༌། །ས་གཞི་བརླན་པའི་ཆར་བཞིན་ཁོང་འབྱོན༌ཡོང༌།། 7 ཁོང་གི་སྐུ་རིང་དྲང་པོ་དར་བ༌དང༌། །ཟླ་བ་གནས་རིང་ཕྱོགས་བཞི་བདེ་ལ༌བཀོད།། 8 མཚོ་ནས་མཚོ་ཡི་བར་དང་ཆུ་བོ་* འདིར་ཆུ་བོ་ཞེས་པ་ནི་ཆུ་བོ་ཆེན་པོ་ཕི་རཱད༌ཡིན།ནས། །ས་མཐའི་བར་དུ་ཁོང་གིས་རྒྱལ་སྲིད༌སྐྱོང༌།། 9 དབེན་སྟོང་གནས་པས་ཁོང་དྲུང་ཕྱག་འཚལ༌ཞིང༌། །ཁོང་གི་དགྲ་རྣམས་ས་རྡུལ་ལྡག་པར༌འགྱུར།། 10 ཐཱར་ཞིས་དང་ནི་གླིང་ཕྲན་རྒྱལ་པོ༌ཚོས། །འབུལ་ཚན་འབུལ་ཞིང་ཤེ་བཱ་དང་སེ༌བཱའི། །རྒྱལ་པོ་རྣམས་ཀྱིས་ཕྱག་རྟེན་འབུལ་བར༌འགྱུར།། 11 རྒྱལ་པོ་ཀུན་གྱིས་ཁོང་ལ་ཕྱག་འཚལ༌ཞིང༌། །མི་རིགས་ཀུན་གྱིས་ཁོང་ལ་གཡོག་བྱེད༌དོ།། 12 དབུལ་པོས་འོ་དོད་འདོན་དུས་ཁོང་གིས༌སྐྱོབ། །སྐྱབས་མེད་སྐྱོ་བོ་ཁོང་གིས་སྒྲོལ་བར༌མཛད།། 13 ཉམ་ཆུང་དབུལ་པོར་ཁོང་གིས་སྙིང་རྗེས༌གཟིགས། །དབུལ་པོ་རྣམས་ཀྱི་སྲོག་ཀྱང་སྐྱོབ་པར༌བྱ།། 14 ཁོ་རྣམས་བརྙས་བཅོས་གདུག་རྩུབ་ལས་སྐྱོབ༌ཅིང༌། །ཁོང་གི་སྤྱན་སྔར་དེ་ཚོའི་ཁྲག་རྩ༌ཆེ།། 15 ཁོང་ཉིད་ཡུན་རིང་གནས་ཤིང་མི་རྣམས༌ཀྱིས། །ཤེ་བཱའི་གསེར་རྣམས་ཁོང་ལ་འབུལ་བར༌ཤོག །ཁོང་དོན་ཆད་མེད་སྨོན་ལམ་འདེབས་གྱུར༌ཅིག །ཉིན་རེ་བཞིན་དུ་བྱིན་རླབས་འཐོབ་པར༌ཤོག། 16 ས་གཞིའི་སྟེང་དུ་འབྲུ་རིགས་མོད་པ༌དང༌། །རི་རྩེ་རྣམས་སུ་ལོ་ལེགས་འབྱུང་བར༌ཤོག །ས་སྟེང་ལོ་འདབ་ཤིན་ཏུ་རྒྱས་ནས༌ནི། །ལེ་པཱ་ནོན་གྱི་ནགས་བཞིན་གྱུར་ཅིག༌གུ །གྲོང་ཁྱེར་པ་རྣམས་རྩྭ་ལྟར་དར་བར༌ཤོག། 17 ཁོང་གི་མཚན་ནི་དུས་རྒྱུན་གནས་པ༌དང༌། །ཉི་མ་ཡོད་རིང་མཚན་སྙན་ལུས་གྱུར༌ཅིག །ཁོང་རྐྱེན་མི་རིགས་ཀུན་ལ་བྱིན་རླབས༌འཐོབ། །ཀུན་གྱིས་ཁོང་ལ་བདེ་ལེགས་ཞུ་བར༌ཤོག། 18 ངོ་མཚར་དོན་རྣམས་མཛད་མཁན་འབའ་ཞིག༌སྟེ། །ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེ༌ནི། །བསྟོད་ཅིང་བསྔགས་པར་འོས་པ་ཡིན་ལགས༌སོ།། 19 ཁོང་གི་གཟི་དཔལ་ལྡན་པའི་མཚན་ལ༌ནི། །རྒྱུན་ནས་རྒྱུན་དུ་བསྟོད་པ་འབུལ་འོས༌ཤིང༌། །ཁོང་གི་གཟི་བརྗིད་ས་གཞིར་གང་བར༌ཤོག །ཨ་མེན་ཨ་མེན་ཞེས་སུ་ཡང་ཡང༌བརྗོད།། 20 ཡེ་སེའི་བུ་སྟེ་དཱ་བིད་ཁོང་ཉིད༌ཀྱི། །སྨོན་ལམ་འདི་ནས་རེ་ཞིག་རྫོགས༌པ་འོ།།