གསུང་མགུར་བརྒྱད་ཅུ༌པ།
རྒྱལ་ཁམས་བསྐྱར་གསོ་མཛད་པའི་ཆེད་དུ་དཀོན་མཆོག་ཡ་ཝཱེར་ཞུ་བ།
1 ༼མེ་ཏོག་ཀུ་མུད་ཀྱི་དཔང་པོ་ཞེས་པའི་དབྱངས་ནང་དབུ་མཛད་ལ་སྤྲད་པའི་ཨ་སབ་ཀྱི་མགུར༌མ།༽ ཀྱེ་ཀྱེ་ཡེས་ར་ཨེལ་གྱི་རྫི་བོ༌དང༌། །ཡོ་སེབ་ལུག་ཁྱུ་བཞིན་དུ་ཁྲིད་མཁན༌ལགས། །ཁྱེད་ཀྱིས་སྙན་དུ་གསོལ་བར་གསན་རོགས༌གནང༌། །ཀྱེ་ཀྱེ་ཀེ་རུབ་སྟེང་དུ་བཞུགས་མཁན༌ལགས། །ཁྱེད་ཀྱིས་འོད་ཟེར་འཕྲོ་རུ་མཛད་དུ༌གསོལ།། 2 ཨེ་ཕཱར་ཡིམ་དང་པེན་ཡཱ་མེན་དང༌ནི། །མཱ་ན་ཤེ་བཅས་གསུམ་གྱི་མཐོང་ས༌རུ། །ཁྱེད་ཀྱིས་ཉིད་ཀྱི་མཐུ་སྟོབས་ཆེར་བསྐྱེད༌ནས། །ངེད་རྣམས་སྐྱོབ་ཕྱིར་འབྱོན་པར་མཛོད་ཅིག༌གུ། 3 ཀྱེ་ཀྱེ་དཀོན་མཆོག་ངེད་རྣམས་བསྐྱར་གསོ༌མཛོད། །ཁྱེད་ཀྱི་ཞལ་ངོའི་འོད་མདངས་འཕྲོ་བར༌མཛོད། །དེ་ནས་ངེད་རྣམས་ཐར་བར་འགྱུར་བ༌འོ།། 4 ཀྱེ་ཀྱེ་ཡ་ཝཱེ་དཔུང་ཚོགས་ཀྱི་དཀོན་མཆོག །ཁྱེད་ཉིད་ནམ་དུས་བར་དུ་འབངས་མི༌ཡི། །སྨོན་ལམ་རྐྱེན་གྱིས་ཐུགས་ནི་ཁྲོ་བར༌བྱ།། 5 དེ་ཚོར་མཆི་མ་ཟས་སུ་གནང་བ༌དང༌། །མིག་ཆུ་མང་མང་དེ་ཚོར་འཐུང་བར༌མཛད།། 6 ཁྱིམ་མཚེས་ངེད་རྣམས་རྐྱེན་གྱིས་རྩོད་པར༌མཛད། །དགྲ་བོ་རྣམས་ཀྱིས་ང་ཚོར་འཕྱ་སྨོད༌བྱེད།། 7 དཔུང་ཚོགས་དཀོན་མཆོག་ངེད་རྣམས་བསྐྱར་གསོ༌མཛོད། །ཁྱེད་ཀྱི་ཞལ་ངོའི་འོད་མདངས་འཕྲོ་བར༌མཛོད། །དེ་ནས་ངེད་རྣམས་ཐར་བར་འགྱུར་བ༌འོ།། 8 ཨེ་ཅིབ་ཡུལ་ནས་རྒུན་འབྲུམ་ཤིང་གཅིག༌དྲངས། །ཕྱི་ཕྱོགས་མི་རྣམས་བསྐྲད་ནས་ཤུལ་དུ༌བཙུགས།། 9 ཁྱེད་ཀྱིས་ཤིང་དེར་ས་ཞིག་སྟ་གོན༌མཛད། །དེ་ཡི་རྩ་བ་རྒྱས་ནས་ཡུལ་གྲུར༌ཁྱབ།། 10 དེ་ཡི་གྲིབ་བསིལ་རི་བོ་རྣམས་ལ༌ཁེབས། །ཡན་ལག་གིས་ནི་ཐང་ཤིང་མཐོན་པོ༌གཡོགས།། 11 རྒྱ་མཚོའི་བར་དུ་ཡལ་འདབ་རྒྱས་པ༌དང༌། །ཆུ་བོའི་བར་དུ་ལྕུག་གསར་བརྐྱངས་པ༌ཡིན།། 12 ཁྱེད་ཀྱིས་ཤིང་དེའི་མཐའ་གྱང་ཅི་ལ༌བཤིགས། །ལམ་འགྲོ་ཚང་མར་བཏོག་ཏུ་འཇུག་དོན༌ཅི།། 13 ནགས་ཀྱི་ཕག་པས་དེ་ནི་རྩ་ནས༌སློག །ཐང་གི་རི་དྭགས་ཀྱིས་ནི་དེ་ཟ༌འོ།། 14 ཀྱེ་ཀྱེ་དཔུང་ཚོགས་དཀོན་མཆོག་ཕྱིར་འཁོར༌ཏེ། །གནམ་ནས་རྒུན་ཤིང་འདི་ལ་གཟིགས་པར༌མཛོད།། 15 ཁྱེད་ཕྱག་གཡས་པས་བཙུགས་ཤིང་ཁྱེད་ཉིད༌ཕྱིར། །བརྟན་པོར་མཛད་པའི་ཡལ་ག་ * འདིར་ཡལ་ག་ཞེས་པར་མ་ཕྱི་ལས་བུ་ཞེས༌མཐོང༌།བསྲུང་བར༌མཛོད།། 16 ཤིང་དེ་མེ་ཡིས་བསྲེགས་ཤིང་གྲི་ཡིས༌གཏུབ། །ཁྱེད་ཀྱི་ཁྲོ་བའི་ཉམས་ཀྱིས་དེ་རྣམས༌འདས།། 17 ཁྱེད་ཉིད་ཕྱིར་དུ་བརྟན་པོར་མཛད་པ༌ཡི། །མི་ཡི་བུ་སྟེ་ཁྱེད་ཀྱི་གཡས་ཕྱོགས༌སུ། །གནས་པའི་མི་དེ་ཕྱག་གིས་སྐྱོར་བར༌མཛོད།། 18 དེ་ནས་ངེད་རྣམས་ཁྱེད་ལས་ཕྱིར་མི༌བསྣུར། །ཁྱེད་ཀྱིས་ངེད་རྣམས་གསོན་པོར་མཛད་དུ༌གསོལ། །ང་ཚོས་ཁྱེད་ཀྱི་མཚན་ལ་ཞུ་བ༌འབུལ།། 19 ཀྱེ་ཀྱེ་ཡ་ཝཱེ་དཔུང་ཚོགས་ཀྱི་དཀོན་མཆོག །ཁྱེད་ཀྱིས་ངེད་རྣམས་བསྐྱར་གསོ་མཛད་དུ༌གསོལ། །ཁྱེད་ཀྱི་ཞལ་ངོའི་འོད་མདངས་འཕྲོ་བར༌མཛོད། །དེ་ནས་ངེད་རྣམས་ཐར་བར་འགྱུར་བ༌འོ།།