གསུང་མགུར་གྱ་བརྒྱད༌པ།
དཀོན་མཆོག་ཡ་ཝཱེའི་རོགས་སྐྱོར་འཚོལ་བ།
༼ཀོ་རཱག་གི་བུ་རྣམས་ཀྱིས་མ་ཧ་ལད་ལེ་ཨན་ནོད་ཀྱི་དབྱངས་ནང་དབུ་མཛད་ལ་སྤྲད་པའི་ཨེས་རག་པ་ཧེ་མཱན་གྱི་བསླབ་བྱའི་མགུར༌མ།༽ བདག་གི་སྲོག་སྐྱོབ་དཀོན་མཆོག་ཡ་ཝཱེ༌ཀྱེ། །ང་ཡིས་ཉིན་མཚན་མེད་པར་ཁྱེད་དྲུང༌ཞུས།། 2-3 ང་ཡི་སེམས་སུ་སྡུག་གིས་གང་བ༌དང༌། །རང་སྲོག་གཤིན་ཡུལ་ཉེ་སར་སླེབས་གྱུར༌པས། །ང་ཡི་སྨོན་ལམ་ཁྱེད་དྲུང་བསླེབ་པར༌ཤོག །བདག་གི་འོ་དོད་ལ་ནི་ཁྱེད་གསན༌རོགས།། དུར་ནང་འབབ་མཁན་མིའི་ཁྲོད་ང་རང༌འདུས། །ང་ནི་བྱ་ཐབས་ཟད་པའི་མི་དང༌འདྲ།། བསད་ནས་དུར་ཁུང་ནང་དུ་ཉལ་འདྲ༌བར། །ང་རང་གཤིན་པོའི་ཁྲོད་དུ་བསྐྱུར་བར༌མཛད། །ཁྱེད་ཀྱིས་དེ་རྣམས་ཐུགས་སུ་མི་དྲན༌ཞིང༌། །ཁོ་རྣམས་ཁྱེད་ཀྱི་ཕྱག་དང་ཡོངས་སུ༌བྲལ།། ཁྱེད་ཀྱིས་ང་རང་གཏིང་ཟབ་དོང་རིང༌སྟེ། །མུན་ནག་གཤིན་ཁམས་མཐིལ་དུ་བཞག་པར༌མཛད།། ཁྱེད་ཀྱི་ཐུགས་ཁྲོ་ངའི་སྟེང་རབ་ཏུ༌ལྕི། །ཁྱེད་ཀྱི་རྦ་རླབས་ཀུན་གྱིས་ང་རང༌བསྣུབས།།༼ སེ༌ལཱ། ༽ ཁྱེད་ཀྱིས་བདག་གི་མཛའ་གྲོགས་ང་ལས༌ཕྲལ། །ཁྱེད་ཀྱིས་དེ་ཚོར་ང་རང་ཞེན་ལོག༌མཛད། །ནང་དུ་བཀག་པས་ཕྱི་རོལ་འཐོན་མི༌ནུས།། སྡུག་བསྔལ་དབང་གིས་ངའི་མིག་བསྒྲིབས་པར༌གྱུར། །ཀྱེ་ཀྱེ་ཡ་ཝཱེ་བདག་གིས་ཉིན་རེ༌བཞིན། །ཁྱེད་རང་འབོད་ཅིང་ཁྱེད་ཕྱོགས་ལག་པ༌བརྐྱངས།། 10 གཤིན་པོར་ཁྱེད་ཀྱིས་ངོ་མཚར་བསྟན༌བྱ་འམ། །འདས་པོ་ལངས་ནས་ཁྱེད་ལ་བསྟོད་འགྱུར༌རམ།།༼ སེ༌ལཱ། ༽ 11 དུར་གྱི་ནང་དུ་ཁྱེད་ཀྱི་བྱམས་བརྩེ༌དང༌། །དམྱལ་བར་ཁྱེད་ཀྱི་དྲང་བདེན་འཆད་འགྱུར༌རམ།། 12 མུན་ནག་ཁྲོད་དུ་ཁྱེད་ཀྱི་ངོ་མཚར༌དང༌། །བརྗེད་པའི་གནས་སུ་དྲང་ལུགས་རྟོགས་འགྱུར༌རམ།། 13 འོན་ཀྱང་ཡ་ཝཱེ་ང་ཡིས་ཁྱེད་འབོད༌ཅིང༌། །ང་ཡི་གསོལ་འདེབས་ཞོགས་པར་ཁྱེད་དྲུང༌བསླེབ།། 14 ཀྱེ་ཀྱེ་ཡ་ཝཱེ་ང་རང་ཅི་ལ༌གཡུགས། །ཁྱེད་ཀྱི་ཞལ་རས་ང་ལ་ཅིའི་ཕྱིར༌སྦས།། 15 ཆུང་ངུའི་དུས་ནས་སྡུག་ཅིང་འཆི་བར༌ཉེ། །ཁྱེད་ཀྱི་འཇིགས་པས་ང་ཡི་རེ་བ༌ཟད།། 16 ཁྱེད་ཀྱི་ཐུགས་ཁྲོ་དྲག་པོས་ང་རང༌བསྣུབས། །ཁྱེད་ཀྱི་འཇིགས་པས་ང་ནི་མེད་པར༌བྱས།། 17 ཆུ་ལྟར་དེ་ཚོས་ཉིན་གང་ངའི་མཐའ༌བསྐོར། །དེ་ཚོས་ལྷན་ཅིག་ང་རང་འགོག་པར༌བྱས།། 18 ཁྱེད་ཀྱིས་མཛའ་བའི་གྲོགས་རྣམས་ང་ལས༌ཕྲལ། །མུན་ནག་ང་ཡི་མཛའ་གྲོགས་སུ་བསྐྱུར༌ཏོ།།