107
སྡེ་ཚན་ལྔ་པ།
བླུས་པའི་འབངས་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེར་གཏང་རག་འབུལ་བ།
1 ཡ་ཝཱེ་ལེགས་པས་ཁོང་ལ་གཏང་རག༌ཕུལ། །ཁོང་གི་བྱམས་བརྩེ་རྒྱུན་ནས་རྒྱུན་དུ༌གནས།། 2 དེ་ལྟར་ཡ་ཝཱེས་བླུས་པ་རྣམས་ཀྱིས༌ཞུས། །འབངས་འདི་ཁོང་གིས་དགྲ་ཡི་ལག་ནས༌བསྒྲལ།། 3 ཤར་ལྷོ་ནུབ་བྱང་ཡུལ་ཕྱོགས་ཀུན་ནས༌བསྡུས།། 4 ཁོ་ཚོ་ས་སྟོང་ལུང་སྟོང་དག་ཏུ༌ཉུལ། །གནས་སའི་གྲོང་ཁྱེར་གང་ཡང་མ་རྙེད༌པར།། 5 བཀྲེས་སྐོམ་མྱངས་ནས་སེམས་ཀྱང་རྒུད་པར༌གྱུར།། 6 སྡུག་བསྔལ་ཁྲོད་དུ་ཡ་ཝཱེར་འོ་དོད༌བོས། །ཁོང་གིས་དེ་རྣམས་དཀའ་སྡུག་དག་ལས༌བསྐྱབས།། 7 ཁོ་རྣམས་གཞིས་ཆགས་གྲོང་དུ་བསླེབ་པའི༌ཕྱིར། །ཁོང་གིས་དེ་རྣམས་དྲང་པོའི་ལམ་དུ༌ཁྲིད།། 8 ཡ་ཝཱེའི་བྱམས་བརྩེ་དང་ནི་མི་བུ༌ཚོར། །མཛད་པའི་ངོ་མཚར་དོན་ཕྱིར་བསྟོད་པར༌ཤོག ། 9 ཁོང་གིས་སྐོམ་པའི་མི་རྣམས་ངོམས་མཛད༌ཅིང༌། །བཀྲེས་པ་རྣམས་ཀྱང་བཟང་པོས་ཚིམ་པར༌བཅུག། 10 འགའ་ཤས་མུན་ནག་འཆི་བའི་སྨག་རུམ༌དུ། །སྡུག་བསྔལ་དང་ནི་ལྕགས་སྒྲོག་གིས་བཅིངས༌ཏེ།། 11 ཁོ་རྣམས་དཀོན་མཆོག་བཀའ་ལས་འགལ་བ༌དང༌། །བླ་མེད་ཞལ་གདམས་སྣང་མེད་བསྐྱུར་བས༌སོ།། 12 དེའི་ཕྱིར་ཁོང་གིས་དཀའ་བའི་ལས་ལ༌བརྟེན། །དེ་རྣམས་སེམས་ནི་བཏུལ་ཞིང་སར་འགྱེལ༌ཡང༌། །རོགས་རམ་བྱེད་མཁན་སུ་ཡང་ཡོད་མ་ཡིན།། 13 སྡུག་བསྔལ་ཁྲོད་དུ་ཡ་ཝཱེར་འོ་དོད༌བོས། །ཁོང་གིས་དེ་རྣམས་དཀའ་སྡུག་དག་ལས༌བསྐྱབས།། 14 མུན་ནག་དང་ནི་འཆི་བའི་སྨག་རུམ༌ལས། །ཕྱི་རུ་བཏོན་ཞིང་དེ་ཚོའི་སྒྲོག་རྣམས༌བཅད།། 15 ཡ་ཝཱེའི་བྱམས་བརྩེ་དང་ནི་མི་བུ༌ཚོར། །མཛད་པའི་ངོ་མཚར་དོན་ཕྱིར་བསྟོད་པར༌ཤོག ། 16 ཁོང་གིས་ལི་ཡི་རྒྱ་སྒོ་བཅག་ནས༌ནི། །ལྕགས་ཀྱི་སྒོ་གཏན་རྣམས་ཀྱང་བཅད་ཕྱིར༌རོ།། 17 གླེན་པ་རྣམས་ཀྱིས་རང་གི་ཉེས་སྐྱོན༌དང༌། །སྡིག་པའི་ལས་ཀྱི་ཕྱིར་དུ་སྡུག་བསྔལ༌མྱོང༌།། 18 ཁ་ཟས་ཀུན་ལ་ཁོ་རྣམས་སྐྱུག་མེར༌ལངས། །འཆི་བའི་སྒོ་ལ་ཉེ་བར་སླེབས་པ༌དང༌།། 19 སྡུག་བསྔལ་ཁྲོད་དུ་ཡ་ཝཱེར་འོ་དོད༌བོས། །ཁོང་གིས་དེ་རྣམས་དཀའ་སྡུག་དག་ལས༌བསྐྱབས།། 20 བཀའ་གསུང་གནང་ནས་དེ་རྣམས་གསོས་པ༌དང༌། །འཆི་བ་ལས་ཀྱང་དེ་རྣམས་བསྒྲལ་བ༌ཡིན།། 21 ཡ་ཝཱེའི་བྱམས་བརྩེ་དང་ནི་མི་བུ༌ཚོར། །མཛད་པའི་ངོ་མཚར་དོན་ཕྱིར་བསྟོད་པར༌ཤོག། 22 ཁོང་ལ་གཏང་རག་མཆོད་པར་འབུལ་བ༌དང༌། །སྤྲོ་གླུས་ཁོང་གི་མཛད་འཕྲིན་འཆད་གྱུར༌ཅིག། 23 འགའ་ཤས་གྲུ་གཟིངས་བསྡད་ནས་རྒྱ་མཚོར༌བསྐྱོད། །ཆུ་ཆེན་སྟེང་ནས་ཉོ་འཚོང་ལས་ལ༌བྲེལ།། 24 དེ་ཚོས་རྒྱ་མཚོར་ཡ་ཝཱེའི་མཛད་པ༌དང༌། །ཉིད་ཀྱི་ངོ་མཚར་དོན་རྣམས་མཐོང་གྱུར༌ཏེ།། 25 ཁོང་གིས་བཀའ་ཞིག་བབས་པར་རླུང་དམར༌གཡུགས། །རྒྱ་མཚོའི་རྦ་རླབས་གྱེན་དུ་འཕྱུར་བར༌མཛད།། 26 དེ་རྣམས་ནམ་མཁར་འཛེགས་ཤིང་གཏིང་ལ༌བབས། །ཉེན་ཚབ་རྐྱེན་གྱིས་དེ་ཚོའི་སྙིང་སྟོབས་ཞུམ།། 27 ཆང་གིས་བཟི་བའི་མི་ལྟར་འཁྱོར་བ༌དང༌། །ཕར་གཡོ་ཚུར་གཡོ་བྱེད་ཅིང་དེ་དག༌གི །རིག་པ་ཡོད་ཚད་ཕན་ཐོགས་མེད་པར༌གྱུར།། 28 སྡུག་བསྔལ་ཁྲོད་དུ་ཡ་ཝཱེར་འོ་དོད༌བོས། །ཁོང་གིས་དེ་རྣམས་དཀའ་སྡུག་དག་ལས༌བསྐྱབས།། 29 ཁོང་གིས་རླུང་དམར་གཡུགས་མཚམས་བཅད་པ༌དང༌། །རྒྱ་མཚོའི་རྦ་རླབས་ཞི་བར་གྱུར་པ༌འོ།། 30 ཞི་འཇགས་འོངས་པས་ཁོ་རྣམས་དགའ་གྱུར༌ཅིང་། །ཡིད་སྨོན་འཆོར་བའི་གྲུ་ཁར་སྐྱེལ་མ༌མཛད།། 31 ཡ་ཝཱེའི་བྱམས་བརྩེ་དང་ནི་མི་བུ༌ཚོར། །མཛད་པའི་ངོ་མཚར་དོན་ཕྱིར་བསྟོད་པར༌ཤོག། 32 དེ་ཚོས་མི་སྡེའི་ཚོགས་ནང་ཁོང་བསྟོད༌ཅིང༌། །རྒན་པའི་ཚོགས་ནང་ཁོང་ལ་བསྔགས་པར༌ཤོག། 33 ཁོང་གིས་གཙང་པོ་རྣམས་ནི་ཐང་སྟོང༌མཛད། །ཆུ་མིག་རྣམས་ཀྱང་སྐམ་སར་བསྒྱུར་པ༌ཡིན།། 34 བཅུད་བཟང་ཡུལ་གྱི་མི་རྣམས་ངན་པའི༌ཕྱིར། །ཁོང་གིས་ཡུལ་དེ་བ་ཚྭའི་ཐང་དུ༌མཛད།། 35 ཁོང་གིས་ཐང་སྟོང་རྫིང་བུར་བསྒྱུར་པ༌དང༌། །སྐམ་ས་ཡང་ནི་ཆུ་མིག་རྣམས་སུ༌མཛད།། 36 ཁོ་རྣམས་གནས་སའི་གྲོང་ཞིག་བརྩིག་པའི༌ཕྱིར། །ཁོང་གིས་བཀྲེས་པའི་མི་རྣམས་གནས་དེར༌བཀོད།། 37 ཞིང་རྣམས་རྨོས་ཤིང་རྒུན་ཚལ་བཙུགས་པ༌དང༌། །ལོ་ཡག་སྟོན་ཐོག་དེ་ཚོར་ཐོབ་གྱུར༌ཏོ།། 38 ཁོང་གིས་དེ་ཚོར་བྱིན་རླབས་གནང་ནས༌ནི། །དེ་ཚོའི་མི་གྲངས་མང་དུ་སྤེལ་བ༌དང༌། །དེ་ཚོའི་སྒོ་ཟོག་ཀྱང་ནི་འཕྲི་མ༌མཛད།། 39 ཕྱིས་སུ་དེ་རྣམས་གཉའ་གནོན་དཀའ་སྡུག༌དང༌། །སེམས་ཁྲལ་བཅས་ཀྱིས་མི་གྲངས་བྲི་ཞིང༌རྒུད།། 40 ཁོང་གིས་སྐུ་དྲག་རྣམས་ནི་ངོ་ཚར༌སྦྱར། །དེ་རྣམས་ལམ་མེད་ཐང་སྟོང་རྒྱུ་བར༌མཛད།། 41 དབུལ་པོ་སྡུག་ལས་བསྒྲལ་ཞིང་མཐོ་སར༌བཞག །དེ་ཚོའི་ཁྱིམ་རྒྱུད་ལུག་ཁྱུ་བཞིན་དུ༌སྤེལ།། 42 དྲང་པོས་མཐོང་ནས་དགའ་མགུ་ཡི་རངས༌ཤིང༌། །མི་ངན་ཐམས་ཅད་ངག་མེད་ལྐུགས་པར༌ལུས།། 43 ཤེས་རབ་ཅན་གྱིས་འདི་ལ་མཉམ་འཇོག༌ཅིང༌། །ཡ་ཝཱེའི་བྱམས་བརྩེ་ལ་ནི་བསམ་བློ༌ཐོངས།།