གསུང་མགུར་བརྒྱ་དང་བཅུ་དྲུག༌པ།
འཆི་བ་ལས་གྲོལ་ནས་ཚེ་སྲོག་གི་ནང་དུ་ཞུགས་པས་དཀོན་མཆོག་ལ་བསྟོད་པ།
ཡ་ཝཱེས་ང་ཡི་སྐད་དང་འོ་དོད༌ལ། །གསན་པར་གྱུར་པས་ང་རང་ཁོང་ལ༌དགའ།། དེ་བཞིན་ཁོང་གིས་བདག་ལ་སྙན་གཏད༌པས། །ང་ཡིས་མི་ཚེ་གང་པོར་ཁོང་ལ༌ཞུ།། འཆི་བའི་ཐག་པས་ང་རང་བཅིངས་པ༌དང༌། །གཤིན་པོའི་ཡུལ་གྱི་ཟུག་གཟེར་ང་ལ༌བྱུང༌། །དཀའ་ལས་དང་ནི་སྡུག་བསྔལ་ང་ཡིས༌མྱངས།། དེའི་དུས་བདག་གིས་ཡ་ཝཱེའི་མཚན་བོས༌ནས། །ངའི་སྲོག་སྐྱོབ་པར་མཛོད་ཅེས་ཞུ་བ༌ཕུལ།། ཡ་ཝཱེ་ཐུགས་རྗེ་ཅན་དང་དྲང་བདེན༌ལགས། །རང་ཅག་དཀོན་མཆོག་སྙིང་རྗེའི་བདག་པོ༌ཡིན།། ཡ་ཝཱེས་བླུན་རྨོངས་མི་རྣམས་སྲུང་བར༌མཛད། །ང་རང་དམན་སར་ལྷུང་དུས་ཁོང་གིས༌བསྐྱབས།། ཡ་ཝཱེས་ཁྱོད་རང་དྲིན་གྱིས་བསྐྱངས་པས༌ན། །ང་ཡི་སེམས་ཁྱོད་ཡང་བསྐྱར་བདེ་ལ༌བོབས།། གཙོ་བོ་ཁྱེད་ཀྱིས་ངའི་སྲོག་འཆི་བ༌དང༌། །ང་ཡི་མིག་ཟུང་མཆི་མ་བཞུར་བ༌དང༌། །བདག་གི་རྐང་པ་འདྲེད་པ་བཅས་ལས༌བསྐྱབས།། གསོན་པོའི་ཡུལ་ནང་ཡ་ཝཱེའི་དྲུང་དུ༌འགྲུལ།། 10 བདག་གིས་སྡུག་བསྔལ་ཆེན་པོ་མྱངས་པ༌ཞེས། །ང་ཡིས་དད་པའི་རྐྱེན་གྱིས་དེ་སྐད༌སྨྲས།། 11 དངངས་སྐྲག་ནང་དུ་བདག་གིས་འདི་ལྟར༌དུ། །མི་ཀུན་རྫུན་རྐྱལ་ཡིན་ཞེས་སྨྲས་པ༌འོ།། 12 ཡ་ཝཱེས་གནང་བའི་ཐུགས་རྗེ་ཀུན་གྱི༌ཕྱིར། །བདག་གིས་ཁོང་ལ་དྲིན་ལན་གང་གིས༌འཇལ།། 13 བདག་གིས་ཐར་པའི་ཕོར་པ་ཡར་བཏེགས༌ནས། །ཡ་ཝཱེའི་མཚན་ལ་བསྟོད་བསྔགས་བརྗོད་བྱེད༌དོ།། 14 ཡ་ཝཱེའི་མི་སྡེ་ཀུན་གྱི་མཐོང་ལམ༌དུ། །དམ་བཅའ་རྣམས་ནི་ཁོང་ལ་བསྒྲུབ་པར༌བྱ།། 15 དད་གུས་ལྡན་པ་རྣམས་ཀྱི་འཆི་བ༌ནི། །ཡ་ཝཱེའི་གཟིགས་ངོར་རིན་ཐང་དཔག་ཏུ༌མེད།། 16 ཁྱེད་ཀྱི་ཞབས་ཕྱི་ང་ཡིན་ཀྱེ་ཡ༌ཝཱེ། །ཁྱེད་ཀྱི་བྲན་མོའི་བུ་ང་ཁྱེད་ཀྱི༌བྲན། །ང་ཡི་ལྕགས་ཐག་ཁྱེད་ཀྱིས་བཀྲོལ་བ༌ཡིན།། 17 བདག་གིས་གཏང་རག་མཆོད་པ་ཁྱེད་ལ༌འབུལ། །ཡ་ཝཱེའི་མཚན་ལ་བསྟོད་བསྔགས་བརྗོད་པར༌བྱ།། 18 ཡ་ཝཱེའི་མི་སྡེ་ཀུན་གྱི་མཐོང་ལམ༌དུ། །དམ་བཅའ་རྣམས་ནི་ཁོང་ལ་བསྒྲུབ་པར༌བྱ།། 19 ཡེ་རུ་སཱ་ལེམ་ཁྱེད་ཀྱི་དཀྱིལ་དབུས༌སུ། །ཡ་ཝཱེའི་བཞུགས་གནས་དམ་པའི་ཁྱམས་ར༌ནང༌། །བདག་གིས་རང་གི་དམ་བཅའ་བསྒྲུབ་པར༌བྱ། །ཁྱོད་ཚོས་ཡ་ཝཱེར་བསྟོད་པར་གྱིས་ཤིག༌ཨང༌།།